༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་།ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ནེན་སི་པེ་ལོ་སི་མཆོག་དགུང་གྲངས་ ༨༥ ལ་ཕེབས་པར་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ཀྱིས་ད་བར་བོད་མིའི་འཐབ་རྩོད་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་ང་ཚོའི་འཐབ་རྩོད་འདི་བཞིན་གསོན་ཤུགས་ལྡན་པའི་ཐོག་ནས་གནས་ཡོད་ལ། ཨ་རིའི་གྲོས་ཚོགས་སུ་ཁྱེད་ཀྱིས་བོད་དོན་ཆེད་སྤེལ་བའི་ཁྲིམས་འཆར་རྣམས་ནི་བོད་མི་རྣམས་ཀྱིས་ཡུན་རིང་དྲག་གནོན་མྱངས་པ་རྣམས་ལ་རེ་བ་སྦྱིན་པ་དེར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་ཁྱེད་ཀྱིས་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཛའ་བརྩེ་ཆེན་པོའི་མཇལ་བཅར་དང་། ལོ་རྒྱུས་རང་བཞིན་ལྡན་པའི་བོད་དུ་ཕེབས་པ་རྣམས་བོད་མི་ཡོངས་ཀྱི་རྟག་ཏུ་དྲན་ངེས་ཡིན།
སྐུ་ཉིད་ཀྱི་འཁྲུངས་སྐར་ཉིན་གཞིས་བྱེས་བོད་མི་ཡོངས་ནས་ཁྱེད་དང་། ཁྱེད་ཀྱི་ནང་མི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད། ཨ་རིའི་ཆབ་སྲིད་ནང་ཁྱེད་ཀྱི་རྒྱུན་མཐུད་མཉམ་ཞུགས་ནི་བོད་མི་ཙམ་མ་ཟད། འཛམ་གླིང་གང་སར་རང་དབང་དང་མང་གཙོ་དོན་གཉེར་བའི་ཆེད་དུ་གལ་འགངས་ཆེན་པོ་ཡིན། ཞེས་གསུངས། །