༄༅། །ཕྱི་ལོ་ ༢༠༢༥༦ ཟླ་བ་ ༣ ཚེས་ ༢༩ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཉི་འོང་བོད་སྐྱོབ་ཚོགས་པ། (Save Tibet Network) ཉི་འོང་བོད་རིགས་ཚོགས་པ་བཅས་མཉམ་འབྲེལ་གྱི་གོ་སྒྲིག་འོག་ དྲ་ལམ་བརྒྱུད་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལོ་འཁོར་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་ཉི་འོང་བོད་སྐྱོབ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་སི་ཤུ་ (Makino Seishu) ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་སྦྲགས། ཁོང་རང་ཉིད་བོད་དོན་ཐོག་ཡུན་རིང་གི་འབྲེལ་ལམ་སྐོར་དང་། བཞུགས་སྒར་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་སྐོར་ངོ་སྤྲོད་དང་འབྲེལ། ཚོགས་བཅར་བ་རྣམས་ལ་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག གཞན་ཡང་ཁོང་གིས་རྒྱ་ནག་དེ་བཞིན་མང་གཙོའི་རྒྱལ་ཁབ་ཅིག་ཏུ་སྒྱུར་རྒྱུ་ནི་ཨེ་ཤི་ཡ་དང་འཛམ་གླིང་ཁྱོན་ཡོངས་སུ། རྒྱ་ནག་གི་བཙན་གནོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་སེལ་ཐབས་སུ་གལ་འགངས་ཆེན་པོ་ཆགས་ཡོད་པ་གསལ་སྟོན་གནང་ཡོད།
དྲ་ཐོག་ཚོགས་འདུའི་ཐོག་ལྷན་ཞུགས་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་སྟེ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷན་ (Shimomura Hakubun) ལགས་དང་། དྲུང་ཆེ་སྐུ་ཞབས་ན་ག་ཧོ་ཏ་ཀ་ཤི་ (Nagao Takashi) ལགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་དང་། ཚབ་གསར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ (Yamatani Eriko) ལགས་དང་དྲུང་ཆེ་སྐུ་ཞབས་ཡ་མ་དྷ་ཧི་རོ་ཤི་ (Yamada Hiroshi) ལགས་རྣམ་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
གཞན་ཡང་ཚོགས་འདུའི་ཐོག་ཉི་འོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་བོད་ཕྲུག་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐོག་དམ་དྲག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་ངན་བྱུས་སྐོར་གསུང་ཞིང་། རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་གི་ངན་བྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་བདག་དབང་ཡོད་ལུགས་ཀྱིས་ཐེ་བྱུས་བྱེད་བཞིན་པའི་སྐོར་གསལ་བཀྲོལ་གནང་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན་ཉི་འོང་དུ་ཡོད་པའི་ལྷ་ཁང་དང་མཆོད་རྟེན་ཉེ་འཁོར་དུ་ས་ཀུ་ར་ (Sakura) ཤིང་སྡོང་ ༩༠ ཙམ་འདེབས་འཛུགས་གནང་རྒྱུའི་ལས་འཆར་ཡོད་པ་གསུང་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་ཉི་འོང་བོད་སྐྱོབ་ཚོགས་པ་དང་། ཉི་འོང་དགེ་འདུན་ལྷན་ཚོགས་ནས་འགོ་འཛུགས་ཀྱིས་འདས་པའི་ལོའི་ནང་བོད་དོན་དང་འབྲེལ་བའི་ལས་གཞི་ལས་དོན་སྤེལ་བ་ཁག་སྙན་སྒྲོན་དང་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་བཀའ་བསྡུར་སོགས་གནང་འདུག །