༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༩ ཉིན་བོད་མི་དང་ཉི་འོང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ལྷོ་སོག་དང་། ཡུ་གུར་མི་རིགས་རྣམས་ལྷན་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད།
དེ་ཡང་ཉི་འོང་བོད་རིགས་ཚོགས་དང་ཉི་འོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་ཀྲོག་ཡོར་རྔམ་སྟོན་ཁྲོམ་སྐོར་དང་། ངོ་རྒོལ་སྐད་འབོད་ལམ་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད། ཉིན་དེའི་སྔ་དྲོར་བོད་མི་དང་ཉི་འོང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ལ་རང་དབང་དགོས་པ་དང་། བོད་ནང་དྲག་གནོན་དང་རིག་གཞུང་བཙན་སྒྱུར་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དགོས་པ། རྒྱ་ནག་གཞུང་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་སྒོ་བརྒྱབ་དགོས་ཞེས་ངོ་རྒོལ་སྐད་འབོད་གནང་ཞིང་། འདུ་འཛོམས་དེའི་ཐོག་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཏ་རོ་ཀ་ན་ཌ་ (Taro Kanada) ལགས་ཀྱིས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་བཞིན་པའི་སྐོར་གྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་།གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་དངོས་གཞི་དེ་ཉི་འོང་གི་ཞི་བུ་ཡ་ (Shibuya) གྲོང་ཁྱེར་གྱི་ཇིང་གུ་དོ་རི་སྐྱིད་ཚལ་ (Jingu Dori Park) དུ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཉེ་ལམ་བོད་ནང་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་དང་། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་སྐར་མ་གཅིང་གི་རིང་ངག་བཅད་ཞུས།
དེ་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གནའ་སྔ་མོ་ནས་བོད་དེ་བཞིན་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་གཞུང་གིས་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པའི་སྐོར་གསལ་བཀྲོལ་གནང་། ལྷག་པར་དུ་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་སྐོར་དང་དེའི་ནང་དོན་གལ་ཆེའི་ཁག་གི་སྐོར་འགྲེལ་བརྗོད་དང་སྦྲགས། ཉི་འོང་སྲིད་གཞུང་ནས་ཨ་རི་ནང་ལྟར་འདི་འདྲ་བའི་བོད་དོན་ཐོག་སྲིད་བྱུས་གཏན་འབེབས་ཡོང་བའི་ཞུ་སྐུལ་གནང་། དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་བོད་མི་རྣམས་ཀྱིས་རྒྱ་ནག་དམར་གཞུང་གི་དྲག་པོའི་སྲིད་བྱུས་ལ་འགོག་རྒོལ་བྱེད་བཞིན་ཡོད་པ་ལས། རྒྱ་རིགས་མི་མང་ལ་ངོ་རྒོལ་བྱེད་ཀྱི་མེད་སྐོར་གསལ་བཤད་གནང་སྟེ་རྒྱ་རིགས་མི་མང་ལ་རང་དབང་དང་རྒྱ་ནག་མང་གཙོ་ཅན་དུ་གྱུར་བའི་སྨོན་འདུན་ཞུས་ཡོད།གཞན་ཡང་འདུ་འཛོམས་དེའི་ཐོག་ཉི་འོང་བོད་རིགས་ཚོགས་པའི་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་ཏེ་བོད་ནང་གདུག་རྩུབ་མནར་གཅོད་བཏང་བའི་ངོ་སྤྲོད་གནང་སྟེ། རྒྱ་ནག་དམར་གཞུང་གི་འགོ་ཁྲིད་ཚོས་བོད་ནང་དམར་གསོད་དང་དྲག་གནོན་མཚམས་འཇོག་དགོས་པའི་ནན་བརྗོད་གནང་། དེ་བཞིན་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདུ་འཛོམས་གནང་བའི་ཉི་འོང་དང་ཡུ་གུར། ལྷོ་སོག་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་། རང་དབང་དང་དྲང་བདེན་ཆེད་མཉམ་ལས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
བོད་མི་གཙོ་བོར་གྱུར་བའི་ཉི་འོང་དང་། ལྷོོ་སོག ཡུ་གུར་བཅས་མི་གྲངས་བརྒྱ་ཙམ་འདུས་པའི་མང་ཚོགས་ནས་ཞི་བུ་ཡ་ (Shibuya) གྲོང་ཁྱེར་གྱི་ཇིང་གུ་དོ་རི་སྐྱིད་ཚལ་ནས་ཆུ་ཚོད་གཉིས་ལྷག་གི་རིང་ཞི་བའི་གོམ་བགྲོད་གནང་ཡོད།
ཉི་འོང་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་རྒྱ་ནག་དམར་ཤོག་དབང་སྒྱུར་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བའི་བོད་མི་ཚོའི་འདྲ་པར་ཡོད་པའི་འཕྲེད་དར་ཞིག་བཟོས་ཏེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེར་གནང་ཡོད། གཞན་ཡང་ཉི་འོང་མི་འགའ་ཞིག་ལོ་རྒྱུས་ཅན་གྱི་ཉིན་གལ་ཆེན་འདིར་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ས་ཐག་རིང་པོ་ནས་ཕེབས་ཡོད། དེའི་ཁྲིད་དུ་ཡུ་གུར་མཐུན་ཚོགས་ཀྱི་སྐུ་ཚབ་དང་ལྷོ་སོག་གྲོས་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས།།