
སྦྱོང་བརྡར་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་ཚོགས་ཀྱི་རྒྱབ་སྐྱོར། བོད་དོན་ལས་འགུལ་སྤྱི་ཡོངས་བཅས་ཀྱི་བརྗོད་གཞིའི་ཐོག་སྦྱོང་བརྡར་གནང་ཡོད་པ་དང་། སློབ་སྟོན་པའི་གྲས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་མཚོ་མོ་ལགས། སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས། ཨོ་སྟྲེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཛོ་བྷེཌ་ཕོཌ་ལགས་བཅས་ཡོད།
སྦྱོང་བརྡར་རིང་མཉམ་ཞུགས་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཞུ་གཏུག་ཐབས་བྱུས་བརྒྱུད་ས་གནས་དང་རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་ལམ་སྟོན་གནང་ཡོད། གཞན་ཡང་ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་ལས་གཞིའི་སྐོར་ངོ་སྤྲོད་གནང་ཡོད།
མཛད་སྒོ་དང་སྟབས་བསྟུན་རི་སྔོན་པོ་གྲོང་ཁྱེར་སྤྱི་ཁྱབ་ཁང་གི་རྒྱབ་སྐྱོར་འོག་ས་གནས་བོད་མི་རྣམས་ཀྱིས་རྒྱལ་སའི་དཀྱིལ་ལ་བོད་ཀྱི་རྒྱལ་དར་གསུམ་སྒྲེང་འཛུགས་གནང་ཡོད། རྒྱལ་དར་རྣམས་ཉིན་གསུམ་རིང་བསྒྲེངས་ཏེ་ས་གནས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མཚོན་གནང་ཡོད།
དེ་བཞིན་ཟབ་སྦྱོང་གི་ཉིན་གཉིས་པར་མཉམ་ཞུགས་པ་རྣམས་ས་ཁུལ་སོ་སོའི་ཚོ་ཁག་ཏུ་བགོས་ནས་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ལས་འཆར་ཐོག་གྲོས་བསྡུར་དང་གྲོས་ཆོད་གཏན་འབེབས་གནང་ཡོད། ལས་འཆར་འདི་དག་གིས་ས་གནས་སོ་སོའི་ནང་གཞོན་སྐྱེས་ཚོས་བོད་དོན་ཐོག་མཉམ་ཞུགས་དང་ཞུ་གཏུག་གི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
མཐར་ས་གནས་དང་རྒྱལ་ཡོངས་འབྲེལ་མཐུད་པ་གསར་པ་འོས་འདེམས་གནང་ཡོད་པ་དང་། སྐབས་དེར་ཨོ་སྟྲེ་ལི་ཡའི་ས་གནས་ཁག་དྲུག་ནས་བོད་རིགས་གཞོན་སྐྱེས་ ༣༠ ཙམ་མཉམ་ཞུགས་གནང་ཡོད་པ་བཅས།།