༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༢ ཉིན་ཨོ་གླིང་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཨོ་སྟྲེ་ལི་ཡའི་ཀ་རུ་ན་བསྟི་གནས་ཁང་དུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འགོ་ཁྲིད་དང་ཞུ་གཏུག་སྦྱོང་བརྡར་དབུ་འཛུགས་གནང་ཡོད། སྐབས་དེར་གསུང་བཤད་པ་དང་སྦྱོང་བརྡར་བ་གཙོས་པའི་ཨོ་སྟྲེ་ལི་ཡའི་ས་ཁུལ་ཁག་དྲུག་ནས་བོད་རིགས་གཞོན་སྐྱེས་ཁྱོན་མི་གྲངས་ ༣༠ མཉམ་ཞུགས་གནང་ཡོད།
དེ་ཡང་སྦྱོང་བརྡར་དེའི་དམིགས་ཡུལ་གཙོ་བོ་ནི་ཨོ་སྟྲེ་ལི་ཡར་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ལ་འགོ་ཁྲིད་དང་། ཐབས་བྱུས་ཀྱི་ནུས་པ་སྤྲོད་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་ལྷན་འབྲེལ་ལམ་བྱ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་ཡིན་པ་རེད།སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོར་ཨོ་སྟྲེ་ལི་ཡའི་གནས་མཁར་གསར་ (Newcastle) གྱི་ས་གནས་འབྲེལ་མཐུད་པ་དབྱངས་སྐྱིད་བཟང་མོ་ལགས་ཀྱིས་སྐུ་མགྲོན་རྣམས་ངོ་སྤྲོད་གནང་གྲུབ་མཚམས་ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་ཨོ་སྟྲེ་ལི་ཡ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་སྦྲགས། སྐུ་མགྲོན་གཙོ་བོ་རི་སྔོན་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཚོགས་ཀྱི་སུ་ཛི་ཝན་ཨོབ་ཊོར་བ་ (Suzie Van Opdorp) ལགས་དང་། ཨ་སྟྲེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་འབུམ་རམས་པ་ཛོ་བྷེ་ཕོཊ་ (Dr. Zoe Bedford) རྣམ་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས།
དེ་ནས་རི་སྔོན་པོ་བོད་རིགས་ཚོགས་པའི་ཚོགས་གཙོ་ཡ་ལོ་ངག་དབང་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་རྗེས་ཨོ་གླིང་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་ཟུར་པ་ཧེ་ལེན་ (Helen Patrin) ལགས་ཀྱིས་ལས་འགུལ་སྤེལ་སྐབས་མཐུན་སྒྲིལ་དགོས་གལ་ཡིན་སྐོར་ནན་བརྗོད་གནང་ཡོད།དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་སྐབས་བོད་རིགས་གཞོན་སྐྱེས་རྣམས་སེམས་ཤུགས་མ་ཆག་པར་བོད་དོན་ལ་ཞབས་འདེགས་སྒྲུབ་དགོས་པའི་སྐུལ་མ་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
སྐུ་མགྲོན་གཙོ་བོ་རི་སྔོན་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཚོགས་ཀྱི་སུ་ཛི་ཝན་ཨོབ་ཊོར་བ་ལགས་ཀྱིས་དྷ་རུག་ (Dharug) དང་གན་ཌུང་གུ་ར་ (Gundungurra) ས་ཁུལ་གྱི་གནའ་བོའི་བདག་པོ་རྣམས་ལ་ངོས་འཛིན་ཞུས་པའི་ཐོག་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་གནང་ཡོད། ཁོང་མོས་བོད་མི་དང་ཡུལ་མི་གཉིས་ཀྱི་མྱོང་ཚོར་གཅིག་མཚུངས་ཡིན་པའི་གནས་ཚུལ་ཐོག་གསལ་འདོན་གནང་བ་དང་། བོད་རིགས་གཞོན་སྐྱེས་རྣམས་ལ་བོད་དོན་ལས་འགུལ་དང་ས་གནས་ལྷན་ཚོགས་ནང་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད། དབུ་འབྱེད་མཛད་སྒོ་གྲུབ་མཐར་མཉམ་ཞུགས་པ་རྣམས་ཀྱིས་སྦྱོང་བརྡར་ནང་མཉམ་ཞུགས་ཀྱིས་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་བཅས།།