༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༠༤ ཉིན་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཡོད་པ་དང་། སི་ཀོཊ་ལེནྜ་རྒྱལ་ཡོངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲྀ་སི་ལོ་ལགས་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད།
དེ་ཡང་བོད་དོན་རྒྱབ་སྐྱོར་མཚོན་ཆེད་དུ་ཨིན་ཡུལ་ངལ་རྩོལ་ཚོགས་པ་དང་། རྙིང་ཞེན་ཚོགས་པ། སི་ཀོཊ་ལེནྜ་རྒྱལ་ཡོངས་ཚོགས་པ་བཅས་ནས་ཚོགས་མི་བདུན་ཕེབས་ཤིང་། འོས་འདེམས་བྱུང་བའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་མི་རྣམས་མོས་མཐུན་གནང་ཡོད།
དབུ་འབྱེད་མཛད་སྒོའི་སྐབས་ཨིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝིད་ཨལ་ཊོན་ (David Alton) ལགས་དང་། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལུག་ཨེག་ཧར་སི་ཊི་ (Luke Akehurst) ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་བི་ལེར་མེག་ཌོ་གྷལ་ (Blair McDougall) ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་སི་ཀ་མོར་ཌན་ (Jessica Morden) ལགས། གྲོས་ཚོགས་འཐུས་མི་ཤི་མ་སི་ལོ་གྷན་ (Seamus Logan) ལགས། རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཌེ་ནི་ཀུ་རུ་གྷར་ (Danny Kruger) ལགས་བཅས་ལྷན་ཞུགས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ལྷན་ཞུགས་གནང་ཡོད།ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་འོས་འདེམས་གྲུབ་མཚམས་སྐུ་ཞབས་ཀྲྀ་སི་ལོ་ལགས་ཀྱིས་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འབྱེད་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་ཞུས་པར་དགའ་བསུའི་འཚམས་འདྲི་ཞུས་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐོག་མར་སྐུ་ཞབས་ཀྲྀ་སི་ལོ་ལགས་དང་། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བརྒྱུད་བོད་དོན་ཐོག་ཆབ་སྲིད་ཀྱི་མཐོང་རྒྱ་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས། དེ་བཞིན་བོད་ནང་ཉེ་ཆར་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་བྱུང་སྟེ་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་བ་དང་། ཁང་ཁྱིམ་དང་དགོན་སྡེ་མང་པོ་གཏོར་སྐྱོན་ཕོག་པའི་སྐོར་གསུངས།
དེ་མཚུངས་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་རང་དབང་ཚོགས་པ་དང་། ཨིན་ཡུལ་བོད་རིགས་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་བཅས་ཀྱི་ལས་སྣེ་སྐུ་ཚབ་རྣམ་པས། བོད་མཐོ་སྒང་གི་ཁོར་ཡུག་དང་། ཨིན་ཡུལ་འགྲེམས་སྟོན་ཁང་ནས་བོད་ལ་ཡོངས་གྲགས་སུ་ (Tibet) ཞེས་པའི་ཐ་སྙད་འདིའི་ཚབ་ཏུ་ཤིས་ཙང་ (Xizang) ཟེར་བ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་བྱས་པའི་མིང་བཀོལ་སྤྱོད་བྱས་པའི་སྐོར། རྒྱ་ནག་གཞུང་གིས་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་འོག་བོད་ཕྲུག་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་སློབ་འཇུག་བྱེད་བཞིན་པའི་སྐོར་གསུང་བཤད་གནང་འདུགཐེངས་འདིའི་ཚོགས་འདུའི་ཐོག་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། ཕྱི་ཟླ་ ༠༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོར་ལས་འགུལ་སྤེལ་ཕྱོགས། དེ་བཞིན་ཕྱི་ཟླ་ ༣ པའི་ནང་ཨིན་ཡུལ་གྲོས་ཚོགས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་གནང་འདུག
གཞན་ཡང་ཚོགས་འདུ་དེར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྐུ་ཚབ་དང་། ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་མི། བཀྲ་ཤིས་ལྷུན་པོ་ཐེབས་རྩའི་འགན་འཛིན་ཇེན་ར་ཤི་ (Jane Rasch) ལགས། བོད་དོན་རྒྱབ་སྐྱོར་བ་ཇི་ལེ་སི་ཕོར་ཌི་ (Giles Ford) ལགས་བཅས་ཕེབས་ཡོད།
མཐར་སྐུ་ཞབས་ཀྲྀ་སི་ལོ་ལགས་ཀྱིས་ཚོགས་འདུ་མཇུག་སྒྲིལ་གནང་བ་དང་། རྗེས་མའི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ནང་བསྐོང་ཚོགས་གནང་རྒྱུ་གཏན་འབེབས་གནང་ཡོད་པ་བཅས།།