༄༅། །བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཕྱི་དྲོར་ཀ་སྦུག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བེལ་ཇི་ཡམ་ས་གནས་མོད་སྨད་ཆོལ་ཁ་དང་། བེལ་ཇི་ཡམ་ས་གནས་དབུས་གཙང་ཆོལ་ཁ། བེལ་ཇི་ཡམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག བེལ་ཇི་ཡམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བེལ་ཇི་ཡམ་ས་གནས་བུད་མེད་ལྷན་ཚོགས། བེལ་ཇི་ཡམ་བོད་རིགས་ཚོགས་པའི་ཤེས་རབ་སྣང་བྱེད་སློབ་གྲྭ་བཅས་ཐུན་མོང་ནས་བློ་ཕམ་དང་སྦྲགས། དམ་པ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བྱས་རྗེས་རླབས་ཆེན་འཇོག་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དང་། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༤ བར་སྦར་སིལ་དུ་རྟེན་གཞི་བྱས་པའི་ནཱ་ལེནྡྲའི་ཆོས་ཚོགས་སུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་འདུག
མཆོད་འབུལ་སྨོན་ལམ་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་མཆོག་དང་། དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས། ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ་མཆོག བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་རྒན་ཚེ་བརྟན་ཕུན་ཚོགས་ལགས། དགེ་བཤེས་འཇིགས་མེད་ལགས། བེལ་ཇི་ཡམ་བྱ་བྲལ་བྱམས་བརྩེ་ཆོས་ཚོགས། ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སྦར་སིལ་ཆོས་རིག་འཛིན་སྐྱོང་ཁང་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཟའ་མཇུག་སློབ་གྲྭའི་འགན་འཛིན་དང་དགེ་སློབ་རྣམ་པ། གཞན་ཡང་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཆེ་ཁག་དྲུག་ནས་ཁྱོན་བོད་མི་ཉིས་བརྒྱ་ལྷག་མཉམ་ཞུགས་གནང་འདུག
ཐོག་མར་བེལ་ཇི་ཡམ་མདོ་སྨད་ས་གནས་ཆོལ་ཁའི་ཚོགས་གཞོན་རྟ་མགྲིན་ཚེ་བརྟན་ལགས་ནས་དེ་རིང་གི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ངོ་སྤྲོད་གནང་གྲུབ་རྗེས། སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་དམ་པ་ཁོང་གི་ལོ་རྒྱུས་དང་མཛད་རྗེས་སྙིང་བསྡུས་མང་ཚོགས་ལ་ངོ་སྤྲོད་གནང་རྗེས་མཆོད་འབུལ་སྨོན་ལམ་འདི་བརྒྱུད་ཚང་མས་ཁོང་སླར་ཡང་བོད་ཆོས་ལྡན་ཞིང་དུ་སྐུ་སྐྱེ་ཕེབས་པའི་ཐུགས་སྨོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
མཆོད་འབུལ་སྨོན་ལམ་སྐབས་བོད་མི་ཁྱིམ་ཚང་ཁག་གཅིག་ནས་གསོལ་ཇ་དང་བཞེས་བག ཚོགས་ཁང་གཡར་གླ་བཅས་ཀྱི་འགྲོ་གྲོན་ཡོངས་རྗོགས་སྦྱིན་བདག་གནང་བ་དང་། བར་གསེང་སྐར་མ་ ༡༥ བྱས་ཏེ་ཕྱི་དྲོ་ཕྱག་ཚོད་ ༤ པའི་ཐོག་མཆོད་འབུལ་སྨོན་ལམ་གསུང་འདོན་ལེགས་པར་གྲུབ། །