
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ པའི་ཚེས་ ༩ ཉིན་སྤོན་ཊ་གཞིས་ཆགས་སུ་ཕེབས་འབྱོར་སྐབས། སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་དང་། ཞ་ལུ་དགོན་པའི་ཕྱག་མཛོད་བསྟན་འཕེལ་ལགས། སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ཀྱི་དགེ་ཆེ་རྡོ་རྗེ་དགྲ་འདུལ་ལགས། སྤོན་ཊ་ཆོལ་གསུམ་བཟོ་ཚོགས་ཀྱི་ཚོགས་གཙོ་དང་། རང་བདེན་ཚོགས་ཆུང་། ལྷ་མོ་ཚོགས་པ། འཕྲོད་བསྟེན་སྨན་ཁང་། ས་གནས་གཞོན་ནུ་དང་བུད་མེད་སྐུ་ཚབ། བརྒྱ་དཔོན་རྣམ་པ་བཅས་ཀྱིས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་སྤྱི་འཐུས་རྣམ་གཉིས་ཞ་ལུ་དགོན་པར་མཆོད་མཇལ་ཞུས་རྗེས་ས་གནས་ཡན་ལག་སྨན་རྩིས་ཁང་དང་ལས་ཁུངས་ཁག གཞིས་ཆགས། སྤོན་ཊ་སཾ་བྷོ་ཊ་གཏན་སློབ་བཅས་ལ་གཟིགས་སྐོར་དང་། ཉིན་རྒྱབ་མི་མང་ཚོགས་འདུ་བསྐངས་ཏེ་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་དབུ་མའི་ལམ་དེས་བོད་རྒྱའི་དཀའ་རྙོག་མགྱོགས་པོར་སེལ་རྒྱུར་ཕན་པ་མ་ཟད། ལོ་རབས་ནས་དུས་རབས་མང་པོར་ལྷག་ནའང་དབུ་མའི་ལམ་གྱི་སྙིང་དོན་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ཏེ་བོད་པའི་སྐད་ཡིག་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་སྟབས། མི་རིགས་འཚོ་གནས་དང་འཐབ་རྩོད་རྒྱུན་གནས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཚོགས་ཏེ་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་སྟེ་བོད་དོན་སྐོར་ལ་བགྲོ་གླེང་དང་བསྒྲགས་གཏམ་གལ་ཆེན་སྤེལ་ཡོད་སྐོར་གསུངས་ཡོད་པ་དང་། ཉེ་ལམ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་ཚོགས་གཙོ་དང་ཚོགས་གཞོན་གསར་འདེམས་ཞུས་ཏེ་རྒྱལ་སྤྱི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་སྣང་ཤུགས་ཆེན་པོ་ཡོད་སྐོར་གསུངས་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པ་སྤྱི་འཐུས་རྣམ་གཉིས་སྤོན་ཊ་ནས་ཕེབས་ཐོན་གནང་སྟེ་ཇཱི་གྷ་ཌ་རེ་ (Jagadhri) བོད་མིའི་སུད་ཚོང་ཁྲོམ་ས་དང་། ཨམ་བྷ་ལ་ (Ambala) བོད་མིའི་སུད་ཚོང་ཁྲོམ་ས། དེ་བཞིན་ཨམ་བྷ་ལ་བོད་མིའི་གྲོང་སྡེ་ (Tibetan Colony) གསར་པ་བཅས་ལ་གཟིགས་སྐོར་དང་། མི་མང་ཚོགས་འདུ་ཚོགས་པའི་ཐོག རྒྱ་གར་ཧཱ་རི་ཡ་ན་མངའ་སྡེའི་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibet Sahyog Manch) ཞེས་པའི་ཚོགས་གཙོ་སྐུ་ཞབས་ཨ་རུན་ཇོ་ཤཱི་ (Arun Joshi) ལགས་དང་། ཚོགས་མི་ར་ཝཏ་ (Rawat) ལགས། དེ་བཞིན། ས་གནས་གྷན་དྷི་ཁྲོམ་རྭ་ (Gandhi market) ཞེས་པའི་ཚོགས་གཙོ་སྐུ་ཞབས་ར་ཝི་ཅའོ་དྷ་རི་ (Ravi Choudhari) ལགས་དང་། ཕྱག་རོགས་སྐུ་ཞབས་ཨར་ཇུན་ཅའོ་དྷ་རི་ (Arjun Choudhari) ལགས་བཅས་ཕེབས་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་འཚམས་འདྲིའི་མཇལ་དར་བསྒྲོན་ཏེ་བོད་མི་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར། ཁོང་རྣམ་པས་ཀྱང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་ས་གནས་བོད་མིའི་སུད་ཚོང་བར་རོགས་རམ་གང་ཐུབ་ཞུ་ངེས་ཡིན་སྐོར་གསུངས་གནང་ཡོད་འདུག ས་གནས་རྒྱ་གར་དཔོན་རིགས་ཚོར་མཇལ་འཕྲད་ཞུས་པའི་གནས་ཚུལ་རྒྱ་གར་གསར་ལམ་ཁག་ཏུའང་སྤེལ་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་རྣམ་གཉིས་པཱ་ཊིཡ་ལ་ (Patiala) བོད་མིའི་སུད་ཚོང་ཁྲོམ་ས་དང་། ཅཱན་དྷིའི་སྒར་བོད་མིའི་སུད་ཚོང་ཁྲོམ་ས་བཅས་ལ་གཟིགས་སྐོར་གནང་ཡོད་པ་མ་ཟད། ཅཱན་དྷིའི་སྒར་གྱི་བོད་མི་སུད་ཚོང་བ་ཚོར་ཚོགས་འདུ་ཚོགས་སྐབས་མི་མང་ཚོས་ཁྲོམ་སའི་གླ་ཆ་ཧ་ཅང་མཐོ་པོ་ཡིན་པ་དང་། ཕྱི་ཟླ་ ༢ ཚེས་ ༡༧ ཉིན་ཁྲོམ་ས་གཡར་བའི་དུས་ཡུན་རྫོགས་ཀྱི་ཡོད་པ། ད་ལོ་ཚོང་ཡག་པོ་བྲིན་མེད་སྟབས་བདུན་ཕྲག་གཅིག་རིང་ཕར་འགྱངས་ཡོང་བར་རོགས་རམ་གནང་དགོས་པ་བཅས་ཞུས་དོན་ལྟར། སྤྱི་འཐུས་རྣམ་གཉིས་ཀྱིས་ས་གནས་གྲངས་ཉུང་མི་རིགས་ཀྱི་དཔོན་རིགས་སྐུ་ཞབས་ ཀ་མལ་ཇིཏི་ སིངྒ་ པན་ཆི་ (Kamaljit Singh Panchhi) ལགས་ཀྱི་ངོ་སྤྲོད་འོག་ཅན་དྷི་སྒར་ས་གནས་སྤྱི་ཁྱབ་སྐུ་ཞབས་ ཨ་མིཏ་ ཀུ་མར་ (Amit Kumar, IAS. Commissioner, Municipal Corporation Chandigarh) མཆོག་ལ་མཇལ་འཕྲད་ཞུས་ཏེ་ས་གནས་བོད་མི་སུད་ཚོང་བའི་དཀའ་ངལ་སྐོར་ཞུས་སྐབས། ཁོང་གིས་བོད་པའི་སྤྱི་འཐུས་རྣམ་གཉིས་མཇལ་འཕྲད་བྱུང་བར་ཧ་ཅང་དགའ་བོ་བྱུང་ཚུལ་གསུངས་པ་དང་འབྲེལ་བོད་མིའི་ཁྲོམ་ས་བདུན་ཕྲག་གཅིག་རིང་ཕར་འགྱངས་ཡོད་པ་མ་ཟད། ས་གླ་ཧིན་སྒོར་ཆིག་འབུམ་ཙམ་ཆག་ཡང་བཏང་གནང་ཡོད་འདུག་ལ། ཕྱི་དྲོར་ས་གནས་རྫོང་དཔོན་སྐུ་ཞབས་ནི་ཤན་ཊ་ ཡ་དེབ་ (Nishant Yadav DC Chandigarh) མཆོག་ལ་མཇལ་འཕྲད་ཞུས་ཏེ། ཅན་དྷི་སྒར་ཁུལ་གྱི་བོད་པ་སྤྱི་ཡོངས་ཀྱི་གནས་ཚུལ་དང་། བོད་པའི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་སྐབས། ཁོང་དེ་སྔོན་༧གོང་ས་མཆོག་ལ་མཇལ་མྱོང་ཡོད་སྐོར་དང་ས་གནས་བོད་མི་ཚོ་ཡག་པོ་ཡོད་ཚུལ། མ་འོངས་པར་ཁོང་གིས་རོགས་རམ་གནང་ཐུབ་ཞུ་ངེས་ཡིན་སྐོར་སོགས་ཞལ་བཞེས་གནང་ཡོད་འདུག
ཉིན་དེའི་ཕྱི་དྲོར་སྤྱི་འཐུས་རྣམ་གཉིས་མཱོ་ཧ་ལི་ (Mohali) བོད་མིའི་སུད་ཚོང་ཁྲོམ་སར་གཟིགས་སྐོར་དང་། ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པ་ཅཱན་དྷི་སྒར་དུ་ཡོད་པའི་བདེ་ལེགས་སྨན་ཁང་གི་ཡན་ལག་ནད་པ་ལྟ་སྐྱོང་ཁང་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་བཅས་སུ་གཟིགས་སྐོར་གནང་བ་དང་། ཉིན་རྒྱབ་བོད་མི་སུད་ཚོང་ཅ་དངོས་སྡེབ་ཉོ་གནང་ཡུལ་ལུ་དྷིཡ་ན་ (Ludhiana) ལ་ཕེབས་འབྱོར་སྐབས། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ་ (Tibetan Refugee Trader’s Association) ཡི་རྒྱུན་ལས་བློ་བཟང་ཆོས་འཛིན་ལགས་དང་གསལ་སྒྲོན་ལགས། དྲུང་ཡིག་བསྟན་འཛིན་ཀུན་བཟང་ལགས་བཅས་ཀྱིས་ཕེབས་བསུ་དང་ལས་ཁུངས་ངོ་སྤྲོད། བོད་མིའི་ཚོང་པའི་ཚོགས་པའི་ལས་ཁུངས་དང་མགྲོན་ཁང་གསར་རྒྱག་ལས་གཞི་བཅས་སྤྱན་འབུལ་ཞུས་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་སྤྱི་འཐུས་རྣམ་གཉིས་ལུ་དྷིཡ་ནཱའི་རྒྱ་གར་ཚོང་བདག་རྙིང་པ་ཁག་ཅིག་ལ་ཐུག་འཕྲད་ཞུས་ཏེ། འདས་པའི་ལོ་ངོ་བཞི་བཅུ་ལྔ་བཅུའི་རིང་བོད་མི་དགུན་ཚོང་རྒྱག་མཁན་ཚོར་ཚོང་ཟོག་རིན་གོང་ཁེ་པོ་དང་རིན་འབབ་ཆད་འཇོག་གནང་བ། དེ་བཞིན་ཕན་ཚུན་ཡིད་ཆེས་དང་མཛའ་འབྲེལ་རྒྱུན་འཁྱོངས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པར། རྒྱ་གར་ཚོང་བདག་ཚོས་ཀྱང་བོད་མི་མང་ཆེ་བ་དྲང་པོ་དང་སེམས་པ་བཟང་པོ་ཡིན་པ་དང་། ཚོང་བདག་གི་ཅ་དངོས་ཉོ་ཚོང་དང་མ་དངུལ་འཁོར་རྒྱུག་ཐོག་གཅིག་ཕན་གཅིག་གྲོགས་ཡིན་ཚུལ་བཅས་གསུངས་གནང་ཡོད་འདུག་ལ། གཞན། འདས་པའི་ལོ་ ༥ ཙམ་ནས་ཚོང་རྫས་ལྷག་མ་ཕྱིར་སློག་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པ་དེ་ཏོག་ཙམ་དཀའ་ངལ་ཡིན་སྐོར་སོགས་གསུངས་ཡོད་འདུག ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་ཀྱིས་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་སྟེ་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཕེབས་གནང་ཡོད་པ་བཅས། །