༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ཅིག་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་འགོ་འཛུགས་ཡོད་པ་རེད།
དེ་ཡང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྒྱལ་ས་ལྡི་ལི་གནམ་ཐང་བརྒྱུད་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་གྲོང་ཁྱེར་ཤི་ལི་གྷུ་རིའི་གནམ་ཐང་ལ་ཕེབས་འབྱོར་སྐབས། རྡོར་གླིང་ས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་ཁ་ལོ་བ་གཉིས་ཀྱིས་ཕེབས་བསུ་ཞུས་ཏེ། ས་ལུ་གྷ་ར་ནོར་གླིང་མགྲོན་ཁང་དུ་ཕེབས་འབྱོར་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བལ་ཡུལ་བྷག་ཏ་པུར་གནམ་ཐང་བརྒྱུད་མགྲོན་ཁང་དུ་ཕེབས་འབྱོར་བྱུང་འདུག
ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་རྣམ་པ་གཉིས་དང་། རྡོར་གླིང་ས་གནས་འགོ་འཛིན་བཅས་མགྲོན་ཁང་ནས་མཁར་ཤང་དུ་རྟེན་གཞི་བྱས་པའི་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དུ་ཕེབས་ཐོན་གྱིས་དགོན་པར་གནས་གཟིགས་ཞུས་རྗེས། མཁར་ཤང་མི་མང་རྣམས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
དེ་རྗེས་བསུ་ན་མདའ་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དང་། བཀའ་བརྒྱུད་བསམ་གྲུབ་དར་རྒྱས་ཆོས་གླིང་ལ་གནས་མཇལ། དེ་བཞིན་ས་གནས་རང་ཚོགས་དང་། མཉམ་འབྲེལ། འཕྲོད་བསྟེན། གཞིས་ལས་ཁང་བཅས་སུ་རིམ་པས་གཟིགས་སྐོར་གྲུབ་རྗེས། ས་གནས་བོད་རིགས་མི་མང་རྣམས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་ནས་བྱ་བྲལ་རིན་པོ་ཆེའི་དགོན་པ་ཕུན་ཚོགས་རྔ་ཡབ་ཆོས་འཁོར་གླིང་དང་། ས་སྐྱ་གུ་རུ་མདོ་སྔགས་ནོར་བུའི་གླིང་། འབྲུག་གསང་སྔགས་ཆོས་གླིང་བཅས་ལ་གནས་གཟིགས་གནང་ཡོད་པ་རེད། གཟིགས་སྐོར་སྐབས་སྤྱི་འཐུས་རྣམ་པ་གཉིས་དང་ལྷན་རྡོར་གླིང་ས་གནས་འགོ་འཛིན་མཉམ་བཅར་ཞུས་ཡོད་འདུག
སྤྱི་འཐུས་རྣམ་པ་གཉིས་ནས་མུ་མཐུད་རྡོར་གླིང་ས་ཁུལ་སོགས་ལ་རིམ་པས་ཕྱོགས་བསྐྱོད་ཕེབས་འཆར་ཡོད་པ་བཅས། །