༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ པོའི་ཚེས་ ༢ ནས་ ༣ བར་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་པུ་ཌུ་ཅེ་རི་དང་། ཨུ་རུ་ཝིལ། ཝར་ཀ་ལ་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པས་ཅེ་ནའི་གྲོང་ཁྱེར་ཁུལ་གྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཟླ་ ༢ པའི་ཚེས་ ༢ ཉིན་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་བཞུགས་གནས་མགྲོན་ཁང་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཡོལ་ཙམ་ལ་ཨུ་རུ་ཝིལ་ (Auroville) བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དུ་ཕེབས་འབྱོར་སྐབས། དེ་གའི་འབྲེལ་མཐུད་པ་སྐལ་བཟང་སྒྲོལ་མ་ལགས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་འདུག ལྟེ་གནས་ཁང་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཀ་ལའོ་ཌེ་ཨར་པི་ (Claude Arpi) ལགས་ནི་ཨི་ཊ་ལན་ (Italian) མི་རིགས་དང་། བོད་རིག་པའི་མཁས་དབང་ཞིག་ཆགས་ཀྱི་ཡོད་པ་དང་། ལྟེ་གནས་ཁང་དེ་བཞིན་ཕྱི་ལོ་ ༡༩༩༣ ཟླ་ ༡༢ ཚེས་ ༢༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛུགས་སྐྲུན་གྱི་རྨང་གཞི་གདིང་འཇོག་མཛད་ཡོད། རྨང་གཞིའི་སོ་ཕག་སྐུ་ཞབས་ཀ་ལའོ་ཌེ་ ཨར་པི་ (Claude Arpi) ལགས་ཀྱིས་བོད་རྒྱང་རྩེ་ནས་ཁུར་ཡོང་བ་རེད་འདུག ཕྱི་ལོ་ ༡༩༩༦ ལོར་ལས་འཆར་དེའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་སྒོར་ ༣༠༠༠།༠༠ ཞལ་འདེབས་དང་།ཕྱི་ལོ་ ༢༠༠༩ ལོར་ལས་གཞི་ཡོངས་སུ་ལེགས་གྲུབ་བྱུང་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་དང་རབ་གནས་མཛད་འདུག ད་ཆ་འཚོ་བ་རང་སྐྱོང་རེད་འདུག་ལ། དུས་རྒྱུན་དེ་གར་ཟབ་སྦྱོང་དང་། འགྲེམས་སྟོན། རིག་གཞུང་འདུ་འཛོམས། བོད་ཀྱི་དུས་ཆེན། སློབ་མ་བརྗེ་རེས་ཀྱི་ལས་རིམ། ལག་ཤེས་སློབ་སྦྱོང་སོགས་སྤྲོད་ཀྱི་ཡོད་འདུག རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཟས་བཙོང་ནས་ཡོང་འབབ་གང་བྱུང་བ་རྣམས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ལ་གཏོང་གི་འདུག་པ་མ་ཟད། བོད་ཁྱིམ་ཁོངས་ནས་གུང་སེང་འགྲོ་ས་མེད་མཁན་སློབ་ཕྲུག་རྣམས་འདིར་གུང་སེང་ལེན་གྱི་ཡོད་འདུག བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་པུ་ཌུ་ཅེ་རི་དང་། ཨུ་རུ་ཝིལ་ཁུལ་ལ་ཡོད་པའི་བོད་མི་རྣམས་ཐུག་འཕྲད་ཀྱིས་སྤྱི་འཐུས་གཞུང་འབྲེལ་ས་བགོས་ཡོང་དགོས་པའི་དམིགས་ཡུལ་དང་། བོད་མིིའི་སྒྲིག་འཛུགས་སྐོར། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ལ་གཏམ་བཤད་གནང་རྗེས། ཚོགས་འདུ་གྲོལ་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་པུ་ཌུ་ཅེ་རི་དང་། ཨུ་རུ་ཝིལ་ཁུལ་ལ་ཡོད་པའི་བོད་མི་རྣམས་ཐུག་འཕྲད་ཀྱིས་སྤྱི་འཐུས་གཞུང་འབྲེལ་ས་བགོས་ཡོང་དགོས་པའི་དམིགས་ཡུལ་དང་། བོད་མིིའི་སྒྲིག་འཛུགས་སྐོར། བོད་ནང་གི་ད་ལྟའི་གནས་སྟངས་་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས། ཚོགས་འདུ་གྲོལ་ཡོད་པ་རེད།
ཕྱི་ཟླ་ ༢ པའི་ཚེས་ ༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༠༠ ཐོག་ཨུ་རུ་ཝིལ་ (Auroville) བོད་ཁང་ནས་རླངས་འཁོར་བརྒྱུད་ཅེ་ནའི་གྲོང་ཁྱེར་གྱི་གནམ་ཐང་དུ་ཕེབས་ཐོན་དང་། ཆུ་ཚོད་ ༡།༡༥ ཐོག་ཅེ་ནའི་ནས་གནམ་གྲུ་བརྒྱུད་བྷེང་ལོར་དང་། དེ་ནས་ཀེ་རེ་ལ་མངའ་སྡེའི་ནང་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༧།༤༠ ཐོག་འབྱོར་བ་དང་། ཆུ་ཚོད་ ༨།༤༥ ཐོག་ཝར་ཀ་ལ་ (Varkala) ས་གནས་སུ་ཕེབས་འབྱོར་སྐབས། དེ་གར་གནས་སྡོད་བྱེད་མཁན་ཀརྨ་དབང་མོ་ལགས་ནས་ཕེབས་བསུ་སྣེ་ལེན་ཞུས་འདུག
ཕྱི་ཟླ་ ༢ པའི་ཚེས་ ༤ ཞོགས་པ་ཆུ་ཚོད་ ༡༡།༠༠ ལ་ཝར་ཀ་ལ་ཁུལ་ལ་ཡོད་པའི་བོད་རིགས་མི་མང་རྣམས་དང་ལྷན་ཚོགས་འདུ་ཚོགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མིའི་སྒྲིག་འཛུགས་སྐོར་དང་། རྒྱལ་སྤྱིའི་ནང་བོད་ཀྱི་གནས་སྟངས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས། དགོང་དྲོ་ཆུ་ཚོད་ ༩།༠༠ ཐོག་སྤྱི་སྤྱོད་རླངས་འཁོར་བརྒྱུད་མའེ་སོར་ལ་ཕེབས་ཐོན་གནང་ཡོད་པ་བཅས། །