༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་ཡོད། སྐབས་དེར་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་བྷན་དི་སན་ཇེ་ཀུ་མར་ (Shri Bandi Sanjay Kumar) མཆོག་གིས་གཙོས་ཨནྡྲ་ཝམ་སི་ (Andra Vamsi) ལགས་དང་། ཤྲི་ནི་ཝ་སི་པ་རི་མ་ལ་ (Srinivas Parimala) ལགས། མ་དྷུ་པ་སུ་ནུ་རུ་ (Madhu Pasunuru) ལགས་བཅས་དང་། དེ་བཞིན་རྒྱ་གར་ཀར་ན་ཊ་མངའ་སྡེའི་ནང་སྲིད་བློན་ཆེན་འབུམ་རམས་པ་གངྒ་དྷ་རི་ཡ་པ་ར་མེཤ་ཊ་ར་ (Dr. Gangadharaiah Parameshwara) མཆོག་དང་། ཁོང་གི་བཟའ་ཟླ་ལྕམ་ཀ་ནི་ཀ་པ་ར་མེཤ་ཝ་ར་ (Kannika Parameshwari Parameshwara) མཆོག་བཅས་ལ་མཇལ་ཁ་སྩལ་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་ཕེབས་སྐབས་སློབ་གྲྭའི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་དང་། སློབ་སྤྱི་རྣམ་རྒྱལ་ཚེ་རིང་ལགས་གཉིས་ནས་ཕེབས་བསུ་ཞུས་རྗེས་སློབ་གྲྭའི་ཡིག་ཚང་དུ་ཕེབས་ཏེ་སློབ་གྲྭའི་གནས་སྟངས་སྐོར་གྲོས་བསྡུར་གནང་རྗེས་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་ལ་ཐུག་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་ཡོང་འགྱུར་ཡིག་རྒྱུགས་ཐོག་གྲ་སྒྲིག་ཡག་པོ་གནང་དགོས་གལ་དང་སྦྲགས་ཡིག་རྒྱུགས་སྐབས་སེམས་འཚབ་བྱེད་མི་དགོས་ཅེས་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་དང་ལྷན་བཀའ་མོལ་གནང་རྗེས་སློབ་གྲྭའི་འཛིན་སྐྱོང་དང་མཇལ་འཕྲད་ཀྱིས་བོད་ཁྱིམ་སློབ་གྲྭ་ནས་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་དང་། སྲ་བརྟན་ཆེད་མཐུན་རྐྱེན་གནང་བར་བསྔགས་བརྗོད་གནང་ཞིང་། བོད་ཁྱིམ་སློབ་གྲྭས་ཐུགས་འགན་ཆེ་བཞེས་ཀྱིས་བོད་པའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་གཞོན་སྐྱེས་རྣམས་ཀྱི་མ་འོངས་མདུན་ལམ་སྲ་བརྟན་བཟོ་བར་རོགས་རམ་གནང་ཡོད་ཅེས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭར་ཕེབས་ཏེ་གསུང་བཤད་གནང་ཡོད། དེ་ཡང་སློབ་གྲྭའི་སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས་གཙོས་པའི་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་བཅས་ནས་སློབ་གྲྭའི་རྒྱལ་སྒོར་ཕེབས་བསུ་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭའི་འཛིན་ཁང་ཁག་ཏུ་གཟིགས་སྐོར་གནང་གྲུབ་རྗེས་གསུང་བཤད་གནང་དོན། སློབ་གྲྭའི་དུས་ཡུན་སྐབས་ཨང་རིམ་མཐོ་བོ་ལེན་རྒྱུ་ཙམ་མ་ཡིན་པར་བཟང་སྤྱོད་དང་སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་མ་ཟད། དགེ་རྒན་རྣམས་ལ་གུས་བརྩི་བྱེད་དགོས་ཞེས་ནན་བརྗོད་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་སཾ་བྷོ་ཊ་སྔོན་འགྲོ་སློབ་གྲྭ་དང་། བདེ་སླར་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ། སཾ་བྷོ་ཊ་ཀཻ་ལཱཤ་པུ་ར་སློབ་གྲྭ་བཅས་སུ་ཕེབས་ཏེ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་བཅས་དང་ལྷན་བཀའ་མོལ་གནང་ཡོད་པ་བཅས།།