
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༥ ཉིན་སུད་སི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་སུད་སི་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་ནང་དུ་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་བགྲོ་གླེང་ཚོགས་འདུར་མགྲོན་འབོད་ལྟར་མཉམ་ཞུགས་གནང་ཡོད་པ་མ་ཟད། ཚོགས་འདུ་ཐོག་རྒྱ་རིགས་འབྲེལ་མཐུད་པས་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་རིམ་ལོ་རྒྱུས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ། ལྷན་ཁང་ཁག་སོ་སོའི་ནུས་པ། བྱེད་ལས་སོགས་ངོ་སྤྲོད་གནང་བ་མ་ཟད། བརྗོད་གཞི་གཉིས་པའི་ནང་དུ་དབུ་མའི་ལམ་གྱི་བྱུང་རིམ་སོགས་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཚོགས་འདུར་མཉམ་ཞུགས་གནང་མཁན་དག་གི་དྲི་བ་དྲིས་པར་ལན་འདེབས་ཀྱང་གནང་ཡོད། དེ་བཞིན་སྐབས་དེར་བོད་རིགས་ཚོགས་སྡེ་སུ་ཞིག་གིས་བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་ངོ་སྤྲོད་གནང་དགོས་པའི་འབོད་སྐུལ་ཞུས་ན་སུད་སི་དོན་གཅོད་ཁང་གིས་ལས་བྱེད་ཆེད་གཏོང་གནང་རྒྱུའི་འགྲེལ་བརྗོད་ཀྱང་གནང་ཡོད།
སུད་སི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་ཐོག་སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་པ། ཡུ་རོབ་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ། སུད་སི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བཅས་ནས་གསུང་བཤད་གནང་ཡོད་པ་དང་། ཚོགས་བཅར་གནང་མཁན་སྤྱི་ཟུར་རྣམ་པ་དང་། མང་ཚོགས། བོད་རིགས་སློབ་ཕྲུག་བཅས་མཁྱོན་བསྡོམས་མི་གྲངས་སུམ་ཅུ་ལྷག་ཡོད། །