༄༅། །སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ས་དབང་ཆེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་རི་ཀོན་ཆོས་འཁོར་དགོན་དུ་ཚོགས་ཡོད་པ་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་འདས་མཆོད་དུ་ཆེད་བཅར་གནང་ཡོད་པ་རེད།
ཕྱི་ཟླ་ ༢ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ས་དབང་ཆེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ཚོགས་ཡོད་པ་དང་། སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་སྐུ་ཚབ་དོན་གཅོད་ཁང་གི་ཚབ་གནང་ནས་རི་ཀོན་ཆོས་འཁོར་དགོན་དུ་ཆེད་བཅར་གྱིས་འདས་མཆོད་ལ་མཉམ་ཞུགས་གནང་ཡོད།
རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་མཆོག་གཙོ་བོ་ཡིན་པའི་དགེ་འདུན་པ་རྣམས་དང་། ༧་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་ཟུར་རྣམ་པ།དབུས་གཙང་། མདོ་སྟོད་དང་མདོ་སྨད་ཆོལ་གའི་སྐུ་ཚབ། སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་གཞོན་གཙོ་བོ་ཡིན་པའི་འཐུས་མི་རྣམ་པ་དང་མང་ཚོགས་བཅས་འདས་མཆོད་ཆེད་འདུ་འཛོམས་ཀྱི་སྨོན་ལམ་སྒྲུབ་མཆོད་གནང་ཡོད།
སྐབས་དེར་སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་འབྲིང་པ་ཚང་ངེས་དོན་རྒྱ་མཚོ་ལགས་ཀྱིས་ཞིང་གཤེགས་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ས་དབང་ཆེན་པོའི་སྐུ་ཚེ་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་རི་ཀོན་དགོན་པའི་མཁན་པོ་ནས་ཀྱང་དེ་རིང་གི་འདས་མཆོད་དང་འབྲེལ་ས་དབང་ཆེན་པོའི་མཛད་རྗེས་ངོ་སྤྲོད་གནང་བ་མ་ཟད། མང་ཚོགས་ནས་ཐུགས་སྨོན་གང་ལེགས་བྱེད་དགོས་པ་འབྲེལ་བརྗོད་གནང་སོང་།
སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་རི་ཀོན་ཆོས་འཁོར་དགོན་དུ་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ས་དབང་ཆེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་སྒྲུབ་པར་ཆོལ་གསུམ་མང་ཚོགས་སུམ་བརྒྱ་མ་ཟིན་ཙམ་མཉམ་ཞུགས་གནང་ཡོད། །