༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྒྱལ་ས་ལྡི་ལི་དང་བྷ་རོ་ཊར་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་རིག་སློབ་ཡོན་གོ་རྟོགས་ཀྱི་ལས་གཞི་སྤེལ་གནང་ཡོད།
འདི་ཟླའི་ཚེས་ ༡༡ དང་ ༡༣ ཉིན་ཤེས་རིག་སློབ་ཡོན་ཚན་པའི་འབྲེལ་ལས་བསྟན་འཛིན་བསམ་འགྲུབ་ལགས་དང་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ནས་རྒྱལ་ས་ལྡི་ལིར་བསམ་ཡས་གླིང་གི་རྒྱ་འཐུས་ཚོགས་ཁང་དང་། བོད་ཁྱིམ་སྡོད་ཁང་གི་དཔེ་མཛོད་ཁང་། དེ་བཞིན་ཚེས་ ༡༢ ཉིན་བྷ་རོ་ཊ་ཏུལ་སི་གསོལ་གྲོན་ཁང་གི་ཚོགས་ཁང་བཅས་སོ་སོར་མཐོ་སློབ་འགྲིམས་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་རིག་སློབ་ཡོན་ཐོབ་ཕྱོགས་ཀྱི་རྒྱུས་མངའ་ལམ་སྟོན་ཞུས་ཡོད།དེ་ཡང་སློབ་ཡོན་ཕུལ་ཕྱོགས་ཀྱི་ཆ་རྐྱེན་དང་། སྙན་ཞུ་འབུལ་བའི་རིམ་པ། དེའི་དགེ་ཚན་སོགས་ཀྱི་སྐོར་ལ་སློབ་ཕྲུག་དང་ཐད་ཀར་འབྲེལ་གཏུག་བྱས་ཏེ་བོད་པའི་སློབ་ཕྲུག་ཡོངས་ལ་སློབ་ཡོན་སྐོར་ལམ་སྟོན་ཞུས་ཡོད།
ལས་གཞི་འདི་ནི་ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་ལྷོ་ཕྱོགས་ས་ཁུལ་ནས་དབུ་འཛུགས་ཞུས་ཤིང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ པའི་ནང་རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་ལས་རིམ་ཐེངས་གཉིས་པ་དེ་སྤེལ་གནང་ཡོད། དེ་བཞིན་འདི་ལོར་གོང་གི་ས་ཁུལ་ཁག་གཉིས་སུ་སྤེལ་གནང་ཡོད།
ལས་གཞི་འདིའི་རོགས་དངུལ་རྣམས་ཇཱར་མན་རོགས་ཚོགས་ (GAT) ནས་མཐུན་སྦྱོར་གནང་བ་དང་། ཐེངས་འདིའི་སྐོར་བསྐྱོད་ལས་རིམ་ལ་ལྡི་ལི་ས་གནས་འགོ་འཛིན་ལས་ཁུངས་དང་། བོད་ཁྱིམ་སྡོད་ཁང་། ལྡི་ལི་དང་བྷ་རོ་ཊ་སློབ་ཕྲུག་ཚོགས་པ་བཅས་ནས་རོགས་རམ་ཞུས་ཡོད་པ་དང་བཅས། །