༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༡ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་གིས་སའོ་པའོ་ལོར་བོད་བརྒྱུད་ནང་བསྟན་ལྟ་གྲུབ་སྐོར་གྱི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་གནང་བའི་ཐོག་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་དང་། སྦར་ཛིལ་གྱི་བཙུན་མ་བསྟན་འཛིན་ལམ་སྒྲོན་ལགས་ཀྱིས་སྐད་བསྒྱུར་གནང་སྟེ་མི་རྟག་པ་དང་། དྲན་པ་ཉེར་གཞག་དང་ལྡན་པའི་འཚོ་བའི་སྐོར་གསུང་བཤད་གནང་ཡོད། སྐབས་དེར་མི་གྲངས་ ༨༠ ཙམ་མཉམ་ཞུགས་ཡོད་པ་རེད།
དེ་ཡང་གསུང་བཤད་དབུ་འཛུགས་མ་གནང་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་དང་། བོད་ཀྱི་ཆབ་སྲིད་ཐོག་མཛད་རྗེས་རླབས་ཆེན་བཞག་གནང་མཁན་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་ཆེད་དུ་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་རྗེས་དགེ་བཤེས་ལགས་ཀྱིས་སྨོན་ལམ་གསུང་འདོན་གནང་། དེ་ནས་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་བོད་རང་དབང་གི་འཐབ་རྩོད་ཆེད་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ནས་དམ་པ་ཁོང་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་ཡོད་ཅེས་གསུངས།
དེ་མཚུངས་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་མི་ཚེའི་མི་རྟག་པའི་རང་བཞིན་རྟོགས་པ་བརྒྱུད་མི་ཚེ་དོན་སྙིང་ལྡན་པ་ཇི་ལྟར་སྐྱེལ་ཚུལ་སྐོར་ལ་གསུང་བཤད་གནང་ཡོད། དེ་བཞིན་བཙུན་མ་བསྟན་འཛིན་ལམ་སྒྲོན་ལགས་ཀྱིས་སྦར་ཛིལ་གྱི་མཉམ་ཞུགས་པ་རྣམས་ལ་གོ་བདེ་པོ་ཡོང་སླད་སྐད་བསྒྱུར་དང་མཐུན་འགྱུར་གང་ལེགས་གནང་ཡོད་པ་བཅས།།