༄༅། །འདི་གར་ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༡ ཉིན་ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ནས་ལ་སྤྱིའི་ཐུགས་འགན་བཞེས་ནས་བདུན་ཕྲག་གཉིས་དབར་ས་གནས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་གནད་ཡོད་མི་སྣ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་གཙོས་པའི་ལྷན་ཚོགས་གྱི་ཚོགས་གཞོན་ཚེ་རིང་དབང་ཕྱུག་ལགས། ལྷན་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྣམ་རྒྱལ་གཡག་ཛི་ལགས། ལྷན་ཚོགས་ཀྱི་འཐུས་མི་གུ་ལམ་མེཧ་དི་ (Ghulam Mehdi) ལགས་དང་མཇལ་འཕྲད་བྱུང་ཡོད།
དེ་བཞིན་ལ་དྭགས་མངའ་གཞུང་བློན་ཆེན་གྱི་སློབ་སྟོན་པ་པཱ་ཝན་ཀོཏ་ཝལ་ (Dr. Pawan Kotwal) ལགས་དང་། ས་གནས་རྫོང་དཔོན་སྐུ་ཞབས་སཱན་ཏོཤ་ (Santosh Sukhadeve) ལགས། ལ་དྭགས་ས་གནས་ཉེན་རྟོག་པའི་དཔོན་རིགས་ (Dr. S.D Singh Jamwal) ལགས། (Ms. Shruti Arora,SSP Leh) ལགས། Sh. Altaf Ahmad Shah, SSP Traffic UT-Ladakh ལགས། ལ་དྭགས་བྱང་ཐང་ཉོ་མའི་རྫོང་དཔོན་ Tushar Anand (IAS) ལགས། དེ་བཞིན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས། ཡི་ཤུ་ཚོགས་པའི་ཚོགས་གཙོ་བསོད་ནམས་ལགས། ལ་དྭགས་གཞོན་ནུ་ཚོགས་པས་ཚོགས་གཙོ་འཇིགས་མེད་ལགས། ལ་དྭགས་དགོན་པ་ཚོགས་པ་དང་ལ་དྭགས་ཨ་མ་ཚོགས་པ། ལ་དྭགས་དཔོན་རིགས་ཁག་ཅིག་མཇལ་འཕྲད་ཀྱིས་ད་བར་ལ་དྭགས་མངའ་གཞུང་ནས་བཙན་བྱོལ་བོད་མི་རྣམས་ཀྱི་བདེ་དོན་ལ་གཟིགས་སྐྱོང་དང་ཕན་གྲོགས་གང་ཐུབ་གནང་བར་བོད་མིའི་སྒྲིག་འཛུགས་དང་བསོད་ནམས་གླིང་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད། དེ་ཡང་ལ་སྤྱི་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་དང་མཇལ་འཕྲད་ཀྱིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ལ་དྭགས་གནས་སྡོད་བོད་མི་རྣམས་ཀྱི་བདེ་དོན་ཡར་རྒྱས་སླད་རོགས་སྐྱོར་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུས་པའི་ཐོག་འདས་པའི་ལོ་ལྔའི་རིང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་དམིགས་བསལ་གྱི་བོད་རིགས་འབྲེལ་མཐུད་པ་བཀྲ་ཤིས་རྣམ་རྒྱལ་ལགས་བསྐོ་བཞག་གནང་བར་བཀའ་དྲིན་ཆེ་ཞུས་ཡོད་པ་མ་ཟད། སླད་ཕྱིན་གླེ་བྱང་གཉིས་ཀྱི་དཀའ་སེལ་སླད་མུ་མཐུད་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད། གཞན་ཡང་འདི་ལོར་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པར་སོང་བོད་མིའི་སྒྲིག་འཛུགས་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་བར་ལ་སྤྱི་ནས་འབྲེལ་ཡོད་དཔོན་རིགས་རྣམས་ལ་གོ་སྟོན་དང་འབྲེལ་ལས་འགུལ་ཁག་ཅིག་མཉམ་རུབ་ཡོང་བའི་འབོད་སྐུལ་ཞུས་པར་འབྲེལ་ཡོད་དཔོན་རིགས་རྣམས་ནས་ཁ་ཞེ་གཉིས་མེད་ཐོག་རོགས་པ་བྱེད་རྒྱུའི་བཀའ་བཞེས་ཐོབ་ཡོད་པ་མ་ཟད། གཞུང་ཁོངས་མིན་པའི་ཚོགས་པ་ནང་ཚོགས་དང་། ཡི་ཤུ་ཚོགས་པ། གཞན་ལས་ཁུངས་ཁག་ནས་ཀྱང་བོད་ཀྱི་རྩ་དོན་དང་གླེ་བྱང་གཉིས་ཀྱི་དཀའ་སེལ་སླད་མུ་མཐུད་རོགས་རམ་ཞུ་རྒྱུ་ཡིན་ཞེས་གསུང་གནང་།
ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་དང་ལྷན་ཚོགས་ཀྱི་འཐུས་མི་མཇལ་འཕྲད་སྐབས་སུ་ལ་དྭགས་བསོད་ནམས་གླིང་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་དང་། ལ་དྭགས་བསོད་ནམས་གླིང་ས་འཐུས་ཀྱི་ཚོགས་གཞོན་བློ་བཟང་སྙན་གྲགས་ལགས་བཅས་ལྷན་བཅར་ཞུས་ཡོད།།