༄༅། །རྒྱ་གར་ཨུཏྟར་པྲདེཤ་མངའ་སྡེའི་པྲ་ཡག་རཱཇ་ (Prayagraj) གྲོང་ཁྱེར་དུ་རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་སུ་གྲགས་པའི་དུས་སྟོན་འཚོགས་བཞིན་པ་དང་བསྟུན། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་བོད། རྒྱ་གར་གྱི་ཁྱིམ་མཚེས་ཞེས་པའི་བརྗོད་གཞིའི་འོག་རྒྱ་གར་གྱི་མཁས་དབང་དང་། ལྟ་གྲུབ་སྨྲ་བ། སློབ་ཕྲུག དེ་བཞིན་རྒྱ་གར་མང་ཚོགས་ཁྲོད་བོད་དོན་དང་འབྲེལ་བའི་དཔེ་དེབ་དང་། ངོ་སྤྲོད་དེབ་ཆུང་སོགས་བགྲོ་འགྲེམས་ལམ་ནས་འཕགས་བོད་གཉིས་ཀྱི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་། སྐད་ཡིག་གི་འབྲེལ་བའི་སྐོར་གསལ་སྟོན་གྱིས་དྲིལ་བསྒྲགས་རྒྱ་གང་ཆེ་གནང་ཡོད།
ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་གཞོགས་འདེགས་འོག་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་འདུ་འཛོམས་ཐོག་ཕེབས་པའི་གནས་སྐོར་བ་དང་། ཆོས་ཞུ་བ། དེ་བཞིན་མང་ཚོགས་ཁྲོད་བོད་དོན་དྲིལ་བསྒྲགས་གནང་ཡོད། ལྷག་པར་དུ་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ནས་ལྷག་དཀར་སྲུང་བརྩིའི་མཛད་སྒོ་ཞིག་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕེབས་ཞུགས་གནང་འདུག