༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༠༧ ཉིན་རཱཇ་པུར་བུད་མེད་མཉམ་ལས་བཟོ་གྲྭའི་འགན་འཛིན་ཟུར་པ་ཨོ་རྒྱན་ཆོས་སྒྲོན་ལགས་དང་། འགན་འཛིན་གསར་པ་བསམ་གཏན་ཆོས་འཕེལ་ལགས་དབར་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་གྲུབ་ཡོད། སྐབས་དེར་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་དུ་བདེ་སྐྱིད་གླིང་གི་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཡིག་ཆ་ར་སྤྲོད་དང་། མཚན་རྟགས་བཀོད་དེ་ལས་རིམ་དབུ་འཛུགས་གནང་རྗེས་ཞབས་སྟེགས་བརྗེ་ལེན་གནང་ཡོད། དེ་ནས་འགན་འཛིན་ཟུར་པ་ཨོ་རྒྱན་ཆོས་སྒྲོན་ལགས་ཀྱིས་མང་ཚོགས་ལ་འགན་འཛིན་གསར་པ་ངོ་སྤྲོད་དང་འབྲེལ་ལས་ཡུན་སྐབས་ཀྱི་ལས་གཞི་དབུ་འཛུགས་གནང་བ་ཁག་ངོ་སྤྲོད་གནང་ཡོད། ཁོང་མོས་མི་མང་ནས་རྒྱབ་སྐྱོར་དང་མཉམ་ལས་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས་འགན་འཛིན་གསར་པ་བསམ་གཏན་ཆོས་འཕེལ་ལགས་ཀྱིས་གསུང་བཤད་གནང་ཡོད།
མཐར་བདེ་སྐྱིད་གླིང་གི་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ཀྱིས་མང་ཚོགས་ལ་མྱོང་ཚོར་དང་ལམ་སྟོན་གནང་ཡོད་པ་བཅས།།