༄༅། །༸རྒྱལ་དབང་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མཆོག་གིས་ཆོས་འཁོར་རྒྱལ་དུ་དཔལ་ལྡན་ལྷ་མོའི་ཚེས་གཏོར་གཟབ་རྒྱས་མཛད་སྲོལ་ལྟར་༸རྒྱལ་དབང་རིམ་བྱོན་རྣམས་ཀྱིས་ཕྱག་བཞེས་བསྐྱངས་དང་སྐྱོང་མུས་བཞིན། བོད་རྒྱལ་ལོ་ ༢༡༥༢ བོད་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༢༠༢༥ ཟླ་ ༠༢ ཚེས་ ༢༨ རབ་གནས་ཤིང་སྦྲུལ་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞི་བསྐྱངས་ཡོད་པ་དང་། སྐབས་དེར་སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་ལྷ་མོའི་གསུང་བསྐང་གསུང་འདོན་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་རྣམ་པ་སོགས་བཅར་ཡོད།
དེ་ནས་ཆུ་ཚོད་ ༨།༣༠ ཐོག་གནམ་ལོ་གསར་བཞད་ཀྱི་ཆོས་ཕྱོགས་མཛད་སྒོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་ཐོག་རྣམ་གྲྭ་གསུང་ཞབས་རྣམས་ཀྱིས་སྐྱབས་སེམས་དང་། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་བཅས་ལེགས་པར་གསུང་འདོན་གནང་གྲུབ་མཚམས། དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་བཅས་ནས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་མཛད་གཙོ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་རྣམས་ཀྱི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ་སོགས་ནས་རིམ་བཞིན་མཇལ་ཁ་ཞུས་གྲུབ་མཚམས་ཚོགས་ལངས་པ་གཉིས་ཀྱིས་ཆོས་ཀྱི་བགྲོ་གླེང་ཚུགས་གྲུབ་བསྟུན་གསོལ་ཇ་བཞེས་འབྲས་རིམ་བཞིན་ཕུལ་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་གར་གླུ་དང་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་བཞུགས་ཁྲི་རིན་པོ་ཆེར་མཇལ་ཁ་ཞུས་རྗེས་ཀ་ཁྲི་བསྒྲགས་ནས་ལོ་གསར་གྱི་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།
རབ་གནས་ཤིང་སྦྲུལ་ལོའི་ལོ་གསར་ཚེས་གཅིག་ཉིན་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་བསྐྱངས་པ།
གསར་གནས།

འབྲེལ་གནས།
