༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་དུ་ཚེས་པའི་དུས་བཟང་ལ་བོད་གཞིས་བྱེས་གཉིས་དང་། བོད་ཀྱི་གྲོགས་པོ་གྲོགས་མོ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་གྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
འདས་ལོའི་ནང་བྱ་བ་བཟང་པོ་མང་པོ་ཞིག་བྱུང་ཡོད། ལོ་གསར་པ་འདིའི་ནང་བྱ་བ་བཟང་པོ་མང་པོ་ཞིག་བསྒྲུབ་ཐུབ་པར་གོ་སྐབས་བཟུང་ནས་ལོ་འདི་དོན་སྙིང་ལྡན་པ་ཡོང་ཐོབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ང་ཚོ་བཅན་བྱོལ་བ་ཆགས་ནས་ལོ་ངོ་ ༦༦ ཆགས་འགྲོ་ཀྱི་ཡོད། བོད་ནང་གི་བོད་མི་རྣམས་ལ་མཚོན་ན་ལྷག་བསམ་དང་། སྙིང་སྟོབས། སེམས་ཤུགས་ཀྱི་ཐོག་ནས་བོད་མི་རིགས་དང་། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་དེ་དག་མུ་མཐུད་ནས་རྒྱུན་འཛིན་དང་དར་སྤེལ་གནང་ཐུབ་པར་ཆིག་སྒྲིལ་གྱི་བྱ་བ་སྒྲུབ་བཞིན་ཡོད། དེ་བཞིན་བཙན་བྱོལ་བོད་མི་རྣམས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར། དེ་བཞིན་ཨ་རི་དང་ཡུ་རོབ་བཅས་མདོར་ན་བོད་མི་གནས་ཡུལ་ས་གནས་སོ་སོའི་གཞུང་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་ལ་བརྟེན་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་བོད་དོན་བདེན་པའི་འཐབ་རྩོད་ཚང་མར་མི་ཉམས་པར་མུ་མཐུད་རྒྱུན་འཛིན་གནང་ཐུབ་པ་དང་། ལོ་གསར་པ་འདིའི་ནང་བོད་སྤྱི་པའི་ལས་དོན་ཐོག་ཚང་མས་ལྷག་བསམ་སེམས་ཤུགས་ནུས་པ་གཅིག་ཏུ་སྒྲིལ་ནས་བྱ་བ་བཟང་པོ་དང་། དེ་དག་གི་ཐོག་ལ་ཞབས་འདེགས་ཤུགས་ཆེན་པོ་ཞུ་ཐུབ་དགོས་པའི་ཚང་མས་སེམས་ཤུགས་སྐྱོང་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།
ལོ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་ལོ་དགུ་བཅུར་ཕེབས་ཀྱི་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་ཁག་མང་པོ་ཞིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གོ་སྟོན་སྲུང་བརྩི་ཞུ་རྒྱུར་གྲ་སྒྲིག་གནང་བཞིན་པ་ཆགས་ཀྱི་ཡོད། གལ་ཆེ་བ་ཞིག་ལ་བོད་མི་ཚང་མར་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་བསྒྲུབ་ཐུབ་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བཞུགས་རྒྱུར་ཚང་མས་དགེ་སྒྲུབ་སྡིག་སྤོང་དང་། དེ་བཞིན་སྲོག་བླུ་ཚེ་ཐར་གང་མང་གཏོང་ཐུབ་རྒྱུ། དེ་མཚོན་པའི་རྣམ་དཀར་གྱི་བྱ་བ་གང་མང་བསྒྲུབ་ཐུབ་པ་ཡིན་ན་བོད་མི་སྤྱི་སྒེར་ཚང་མར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། བསྐྱར་དུ་ལོ་གསར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཞབས་པར་བསྐལ་བརྒྱར་བརྟན་ཞིང་། མཛད་འཕྲིན་ཕྱོགས་བཅུ་རྒྱས་པ་དང་། དེ་བཞིན་བོད་བསྟན་སྲིད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བ། མི་རིང་བར་བོད་ཀྱི་བདེན་པ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་གསུངས་ཡོད་པ་བཅས།།