༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་དོན། དེ་རིང་བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་དུ་བཞད་པའི་ཚེས་པ་དང་པོ་ཆགས་ཀྱི་ཡོད། ད་ལོའི་ལོ་འགོ་འཛུགས་པ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྐུ་ཚེའི་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུ་རྒྱུ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་ལོ་གསར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདས་པའི་ལོ་གཅིག་ནང་འཛམ་གླིང་འདིའི་ནང་མིས་བཟོས་པས་གོད་ཆག་དང་། འབྱུང་བའི་གོད་ཆག་མང་པོ་ཞིག་བྱུང་ཡོད། ལྷག་པར་དུ་བོད་ནང་ས་ཡོམ་གྱི་གནས་ཚུལ་བྱུང་བ་དང་། བོད་མི་མང་པོ་ཞིག་གི་སྲོག་སྐྱོན་ཤོར་ཡོད་པ། དངོས་པོ་མང་པོ་ཞིག་ལ་གཏོར་སྐྱོན་ཕྱིན་ཡོད་པའི་གནས་ཚུལ་ང་ཚོ་ཚང་མས་གསན་ཡོད། རྒྱ་ནག་གཞུང་གི་ངོས་ནས་ཐོག་མར་གནས་ཚུལ་ཏོག་ཙམ་བཀྲམས་པ་རེད། དེའི་རྗེས་སུ་གནས་ཚུལ་རྩ་བ་ཉིད་ནས་གོ་རྒྱུ་མེད་པ་དང་། ད་ལྟ་ཡིན་ནའང་ས་ཡོམ་དང་འབྲེལ་བའི་ཐོག་ནས་རོགས་རམ་གང་འདྲ་བྱུང་གི་ཡོད་མེད། དེ་ཚོའི་གནས་ཚུལ་ང་ཚོ་ཤེས་རྟོགས་ཡོང་གི་ཡོད་མ་རེད། དེར་བརྟེན་ད་ལོའི་ལོ་གསར་འདི་ང་ཚོས་ཞེ་པོ་ཞིག་དགའ་དགའ་སྤྲོ་སྤྲོ་བྱེད་དེ་སྲུང་བརྩི་ཞུ་མི་དགོས་པའི་གནས་སྟངས་ཆགས་ཡོད། ཡིན་ནའང་ང་རང་ཚོས་སྔ་མོའི་བོད་ཀྱི་ལམ་སྲོལ་དེ་དག་མུ་མཐུད་ནས་རྒྱུན་སྐྱོང་བྱེད་དགོས་ཀྱི་ཡོད་པ་སོང་ཙང་གནས་སྟངས་དང་བསྟུན་པའི་ལོ་གསར་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་དང་།
འདས་པའི་ལོ་གཅིག་གི་ནང་ལ་ང་རང་ཚོའི་བོད་ཀྱི་རྩ་དོན་ལ་ཆ་བཞག་པ་ཡིན་ན། འཛམ་གླིང་ནང་གནས་ཚུལ་ཕྲན་བུ་ཞིག་གོ་རྟོགས་ཆེ་རུ་འགྲོ་ཡོད་པ་དང་། རྒྱབ་སྐྱོར་གྱི་རྣམ་པ་ཕྲན་བུ་ཞིག་མཐོང་གི་ཡོད་པའི་གནས་སྟངས་རེད། འདི་ནི་ངས་དུས་རྒྱུན་དུ་ཞུས་བཞིན་ཡོད། གནས་སྟངས་གང་ཆགས་ཡོད་པ་ཡིན་ནའང་འཛམ་བུ་གླིང་སྤྱིའི་གནས་སྟངས་དང་། རྒྱ་ཆེ་སའི་འོག་ནས་བོད་ཀྱི་གནད་དོན་ཐོག་ལ་ཤུགས་རྐྱེན་གང་ཐེབས་ཀྱི་ཡོད་མེད་དང་། དོ་ཕོག་གང་ཐེབས་ཀྱི་ཡོད་མེད། ང་ཚོས་གདོང་ལེན་བྱེད་དགོས་པ་གང་ཡོད་མེད། གོ་སྐབས་གང་ཡོད་མེད། དེ་དག་ལ་བལྟས་ནས་ང་ཚོས་ལས་ཀ་བྱེད་ནས་འགྲོ་དགོས་ཀྱི་ཡོད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། ལྷ་ཆོས་སྐྱོང་སྲུང་མའི་གྲོགས་འཕྲིན་ལས་ལ་བརྟེན་ནས་ཡོང་གི་ཡོད། དེ་སྔ་ཞུས་པ་བཞིན་ང་རང་ཚོ་མིའི་ངོས་ནས་ལས་ཀ་བྱེད་སྟངས་འདི་ཚད་དང་ལྡན་པ་ཞིག་དང་ངོ་ལྐོག་རྒྱབ་མདུན་མེད་པ། ལྷག་བསམ་རྣམ་དག་ཐོག་ནས་བྱེད་པ་ཡིན་ན། ང་ཚོས་ནུས་པ་མཉམ་སྤུངས་ཀྱིས་ལས་དོན་བསྒྲུབ་རྒྱུ་ཡོད་པ་རེད་ཅེས་ཞུས་པ་བཞིན། ན་ནིང་ལོ་གཅིག་གི་ནང་ཨ་རིའི་གྲོས་ཚོགས་ནང་ལ་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱབ་སྐྱོར་ཐོག་ནས་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དང་། ཨ་རིའི་སྲིད་འཛིན་ངོས་ནས་ན་ནིང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མོ་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་ཡིག་ཏུ་གྱུར་ཡོད། འདི་ནི་ང་ཚོར་ཆབ་སྲིད་ཐོག་ནས་རྒྱལ་ཁ་ཆུང་ཆུང་ཞིག་ཐོབ་པ་རེད། དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་མང་པོ་ཡོད་ཅེས་ཞུས་པ་ཡིན། དེར་བརྟེན་མ་འོངས་པ་ང་ཚོ་ལས་ཀ་བྱེད་དགོས་པ་མང་པོ་ཞིག་ཡོད། དེ་དག་ཚང་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གཞིར་བཟུང་དང་། དགོངས་པ་གཞིར་བཟུང་གིས་ང་ཚོ་ཚང་མས་འབད་བརྩོན་མཉམ་རུབ་བྱེད་པ་ཡིན་ན། ཏན་ཏན་སླེབས་ས་གཅིག་ལ་སླེབས་ཀྱི་རེད། དོན་དག་སྒུབ་དགོས་ས་ཞིག་སྒྲུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཧ་ཅང་དཀལ་ངལ་ཆེན་པོ་ཡོད། ད་ལྟ་ཡིན་ནའང་ང་ཚོ་ཕྱི་ལོག་ནས་གནས་སྟངས་ཆ་ཚང་ཞིག་ག་ཚོད་ཐུབ་ཐུབ་ཅིག་རྟོགས་ཞིབ་བྱས་ཏེ་སྡོད་བཞིན་ཡོད། དུས་རབས་ ༢༡ ནང་དུ་ནང་མི་ཕན་ཚུན་ཡིན་ནའང་རེད། སོ་སོའི་ངོ་ཤེས་པ་གྲོགས་པོའི་ནང་ལོག་ཡིན་ནའང་རེད། རང་དབང་དང་ཞེད་སྣང་མེད་པའི་ཐོག་ནས་ཕན་ཚུན་ཡིད་ཆེས་བྱེད་དེ་སྐད་ཆ་ཤོད་པའི་གནས་སྟངས་འདི་ཁག་པོ་ཞིག་ཆགས་ཡོད་པ། ང་རང་ཚོ་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག ཆོས། འཚོ་བ་སྐྱེལ་སྟངས་སོགས་གཏོར་ཤིག་གཏོང་གི་ཡོད་པ། ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོའི་ཡོད་པ་རྣམས་ང་ཚོས་ཤེས་ཀྱི་ཡོད།
ང་ཚོ་བཙན་བྱོལ་ནང་སླེབས་མཁན་ཚོའི་ངོས་ནས་རྒྱལ་སྤྱིའི་ཁྱོན་ལ་ག་ཚོད་ཐུབ་ཐུབ་ཀྱི་གོ་རྟོགས་སྤེལ་བའི་ཐབས་ཤེས་དང་། བོད་དོན་དཀའ་རྙོག་སེལ་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད། འདི་དངོས་ཡོད་གནས་སྟངས་དང་བསྟུན་ནས་ངས་རྒྱུན་དུ་ཞུ་བཞིན་ཡོད། བོད་རྒྱའི་དཀའ་རྙོག་འཚེ་བ་མེད་པའི་ཐོག་ནས་སེལ་དགོས་ཀྱི་ཡོད་ན་རྒྱ་ནག་གཞུང་དང་མཉམ་དུ་སྐད་ཆ་བཤད་ན་མ་གཏོགས་ང་ཚོ་འགྲོ་ས་ཡོད་མ་རེད། དེ་འདྲའི་དུས་ཚོད་ཅིག་མ་ཤར་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ང་ཚོ་སྙོབ་དགོས་ཀྱི་ཡོད། རྒྱབ་སྐྱོར་འཚོལ་དགོས་ཀྱི་ཡོད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་བོད་ཀྱི་ཁེ་ཕན་འདི་ཚུར་བླངས་ཏེ་ཁོ་རང་ཚོ་ཕར་བཞག་བྱེད་པ་དེ་ཡོང་ཁག་པོ་རེད། ང་ཚོ་དངོས་ཡོད་གནས་སྟངས་དང་བསྟུན་ནས་འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་གཞིར་བཞག་ནས་འགྱུར་བ་གང་འགྲོ་ཡི་འདུག ད་ལྟའི་དུས་ཚོད་དེ་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་ཅིག་ཆགས་ཡོད། དེར་བརྟེན་འགྱུར་བ་དེ་འདྲ་ཞིག་གི་འོག་ནས་ང་རང་ཚོ་ལ་གོ་སྐབས་གང་ཡོང་ས་རེད། གདོང་ལེན་བྱེད་དགོས་པ་གང་ཡོང་ས་རེད། གོ་སྐབས་ཡོད་པ་རྣམས་དུས་ཚོད་ཏག་ཏག་ལ་དམ་འཛིན་བྱེད་ཐུབ་པ་དང་། གདོང་ལེན་བྱེད་དགོས་པ་རྣམས་སྔ་ས་ནས་ངོས་འཛིན་པའི་ཐོག་ནས་དེ་ལ་ད་ལྟ་ནས་གདོང་ལེན་བྱེད་བཞིན་འགྲོ་བ་ཡིན་ན་མ་འོངས་པ་དེ་འདྲའི་གནས་སྟངས་འགྱུར་བའི་སྐབས་ལས་སླ་པོ་ཞིག་ཆགས་ཐུབ་པའི་རེ་བ་ཞིག་གི་ཐོག་ནས་གྲ་སྒྲིག་སྔ་ས་བྱེད་དགོས་ཀྱི་ཡོད། དེ་ཚོར་མི་དང་རྒྱུ་གཉིས་ཀའི་འགྲོ་སོང་གཏོང་དགོས་ཀྱི་ཡོད།
ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ནས་སེམས་ཤུགས་དུས་ནམ་ཡང་ཆག་གི་མེད། བོད་ནང་ཡོད་པའི་བོད་མི་ཚོ་ཡིན་ནའང་ད་ལྟ་བར་དུ་རང་ལུས་འབེན་ལ་བཙུགས་ཏེ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། བོད་མིའི་རང་དབང་འཐབ་རྩོད་ཆེད་དུ་འབད་བརྩོན་གནང་བཞུགས་ཡོད་པ་དེ་མུ་མཐུད་ནས་གནང་དགོས་ཀྱི་ཡོད། ང་ཚོ་འདིར་ཡིན་པ་ཡིན་ནའང་ང་ཚོའི་མི་རབས་ནང་དུ་དཀའ་ངལ་སེལ་མི་ཐུབ་པ་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གནང་བ་གནང་བཞིན་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་གསུངས་པ་བཞིན་ང་ཚོས་ཡིན་ནའང་གྲ་སྒྲིག་སྡུག་ས་ནས་བྱས་ཏེ་འབྱུང་འགྱུར་ལོ་སུམ་ཅུ་ལྔ་བཅུ་རིང་ང་ཚོ་བོད་དོན་འཐབ་རྩོད་དང་བདེན་པའི་འཐབ་རྩོད་བྱེད་དགོས་ཀྱི་ཡོད་ན། དེའི་གྲ་སྒྲིག་མི་རབས་གསར་པ་ལ་འགན་སླེབས་ཀྱི་ཡོད་པ་སོང་ཙང་མི་རབས་གསར་པ་གསོ་སྐྱོང་བྱེད་པའི་ཐོག་ལ་འབད་བརྩོན་བྱས་དང་བྱེད་མུས་ཡིན། གལ་ཆེ་ཤོས་ད་ལྟའི་དུས་ཚོད་འདི་རེད། ང་རང་ཚོ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་མི་འབོར་ཆ་ནས་ཉུང་ཉུང་ཡིན་པར་བརྟེན་ང་ཚོའི་དམིགས་ཡུལ་རྒྱ་ཆེ་ས་དེ་ལ་དགོངས་ནས་ང་རང་ཚོའི་ནང་ཁུལ་གྱི་ལུང་ཚན་དང་། ཆོལ་ཁ། ཆོས་བརྒྱུད་འཐེན་འཁྱེར་འོག་ལ་མ་ཚུད་པ་དང་། བསམ་བློ་གུ་དོག་པོ་དང་། མཁྲེགས་བཟུང་མ་བྱེད་པའི་སྒོ་ནས་ཏོག་ཙམ་རྒྱ་ཆེ་ས་ནས་བསམ་བློ་གཏོང་ནས་གུ་ཡང་པོ་བྱེད་ཐུབ་པ་ཡིན་ན་ཏན་ཏན་ང་ཚོའི་རྩ་དོན་ལ་ནུས་པ་གསར་པ་ཞིག་ཡོང་ཀྱི་རེད། ལས་ཀ་བྱེད་པའི་སྐབས་ལ་སྤོབས་པ་གསར་པ་ཞིག་ཡོང་གི་རེད། དེ་བཞིན་ལས་དོན་སྒྲུབ་པ་ལ་ཕན་གྱི་རེད། སླར་ཡང་སྐབས་ ༡༦ པའི་བཀའ་ཤག་དང་། ང་རང་སྒེར་གྱི་ངོས་ནས་གནམ་ལོ་གསར་དུ་བཞད་པར་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །