༄༅། །འདི་གར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༢ ཉིན་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་སུད་སི་གྲོང་ཁྱེར་བྷ་སེལ་ (Basel) དུ་རྒྱ་རིགས་ཡེ་ཤུ་ཆོས་ལུགས་པའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
དེ་ཡང་སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་སུད་སི་གྲོང་ཁྱེར་བྷ་སེལ་དུ་སོང་ནས་དེ་གའི་རྒྱ་རིགས་ཡེ་ཤུ་ཆོས་ལུགས་པ་བླ་མེད་ཀྱི་དཀོན་མཆོག་ (The Church of Almighty God) དང་། ཁྱིམ་ཚང་ཆོས་ཚོགས་ (Chinese House Church) ཟེར་བ་གཉིས་ཀྱིས་གོ་སྒྲིག་གནང་བའི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་ཀྱི་གསུང་བཤད་ཀྱང་གནང་ཡོད། སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་རྒྱ་ནག་གི་ཆོས་ལུགས་ཐོག་གཉའ་གནོན་གྱིས་བཙན་བྱོལ་དུ་ཡོང་བ་ཚོས་བྷ་སེལ་གྲོང་ཁྱེར་གྱི་མེ་ཁོར་བབས་ཚུགས་སུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དེ་ནི་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༤ ནང་རྒྱ་ནག་གི་ཞིང་ཆེན་ཅི་ལིན་ཟེར་བའི་ནང་དུ་དད་ལྡན་མི་གྲངས་ ༦༤༨ འཛིན་བཟུང་བྱས་པ་དང་། གཉིས་ནས་མནར་གཅོད་ཀྱིས་བསད་པར་ངོ་རྒོལ་གནང་བའི་ལས་འགུལ་ཡིན།
སྐབས་དེར་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་གསུང་བཤད་གནང་དོན། ང་དེ་རིང་འདིར་ཡོང་དགོས་པ་ནི་ང་ཚོ་ཚང་མ་རྒྱ་ནག་གཞུང་གིས་གཉའ་གནོན་དང་དཀའ་སྡུག་མྱོང་མཁན་ཡིན། དེ་བས་ཁྱེད་རྣམ་པར་རྒྱབ་སྐྱོར་མཚོན་ཆེད་ཡོང་བ་ཡིན། ཁྱེད་རང་ཚོས་གོང་ནས་བརྗོད་པའི་མནར་གཅོད་དང་དཀའ་སྡུག་དེ་འདྲ་བོད་དུ་ཉི་མ་རྟག་པར་བྱུང་བཞིན་ཡོད་པ་མ་ཟད། དེ་ལྟ་བུའི་གཉའ་གནོན་ལོ་ངོ་བདུན་ཅུར་བྱས་ཡོད།བོད་པའི་བྱིས་པ་ས་ཡ་གཅིག་བཅའ་སྡོད་སློབ་གྲྭ་བཙན་དབང་གིས་བཏང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་སྦྱོང་འཇུག་གི་མེད། རྒྱ་ནག་གཞུང་གིས་བོད་ལ་ཕྱོགས་ཡོངས་ནས་རྒྱ་འགྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད། ལྷག་པར་ཏུ་ཞི་ཅིན་ཕན་གྱི་སྲིད་དབང་བཟུང་བ་ནས་ཚབས་ཆེ་རུ་སོང་ཡོད།བོད་པས་རྒྱ་ནག་གཞུང་ལ་ཁ་གཏད་བྱས་ནས་ལོ་ངོ་ ༦༦ འདས་སོང་། ད་ལྟ་མུ་མཐུད་དུ་ཁ་གཏད་བྱེད་ཀྱི་ཡོད། ང་ཚོ་ཕྱི་རྒྱལ་ལ་ཡོད་མཁན་ཚོ་ནི་བོད་དང་རྒྱ་ནག་གི་དཀའ་སྡུག་མྱོང་མཁན་ཚོའི་མགྲིན་ཚབ་པ་བྱ་དགོས། ངེས་པར་དུ་ཁོ་ཚོའི་ཆེད་དུ་སྐད་འབོད་བྱེད་དགོས། ངེས་པར་དུ་རྒྱ་ནག་གཞུང་གི་སྤྱོད་ངན་ཐེར་འདོན་བྱ་དགོས། ཁྱེད་ཚོས་གོང་དུ་གཞས་བཏང་བའི་ནང་དུ་ས་ཏམ་ (satan) གྱི་སྡུག་སྤྱོད་ཉི་འོག་བསྟན་དགོས་ཟེར་བ་ལྟར། ང་ཚོས་རྒྱ་ནག་གཞུང་གི་སྤྱོད་ངན་ཐེར་འདོན་གྱི་འཛམ་གླིང་ལ་ཤེས་སུ་འཇུག་དགོས། ཞེས་དང་།
མཐའ་འཇུག་སངས་རྒྱས་སྐྱབས་ལགས་ཀྱིས་བརྗོད་དོན། ང་ཚོ་བོད་པ་བཙན་བྱོལ་ལ་ཡོངས་ནས་ལོ་ ༦༦ འདས་ཡོད། ད་ལྟ་མུ་མཐུད་དུ་མཐབ་རྩོད་བྱེད་ཀྱི་ཡོད། ཁྱེད་རང་ཚོ་བཙན་བྱོལ་ལ་ཡོང་ནས་ལོ་ཁ་ཤས་ལས་སོང་མེད། ཡིད་ཐང་ཆད་རྒྱུ་ཡོད་པ་མ་རེད། ཤུགས་རྒྱོབ་རོགས། ང་ཚོས་མཉམ་དུ་ལས་འགུལ་སྤེལ་ན་ནུས་ཤུགས་ཆེན་པོ་ཡོད། མ་འོངས་པར་མཉམ་ལས་མང་པོ་བྱ་རྒྱུས་རེ་བ་ཡོད་བཅས་བཤད་སོང་། སྐབས་དེར་སངས་རྒྱས་སྐྱབས་ལགས་ཀྱི་སྤྱི་ཚོགས་བརྒྱུད་ལམ་གྱི་བཅར་འདྲི་ཡང་དང་ལེན་གནང་ཡོད།
དེ་རིང་གི་ངོ་རྒོལ་ལས་འགུལ་འདི་ནི་ (The Church of Almighty God) དང་། (Chinese House Church) གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ལ། ལས་འགུལ་ནི་སུད་སི་གྲོང་ཁྱེར་བྷ་སེལ་གྱི་མེ་འཁོར་བབས་ཚུགས་སུ་སྤེལ་ཡོད། ཁོ་རང་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ང་ཚོར་རང་དབང་དགོས། ཆོས་དད་ལ་ཉེས་པ་མེད་ཟེར་བའི་སྐད་འབོད་ཀྱང་གནང་སོང་། ངོ་རྒོལ་ལས་འགུལ་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༣ བར་ཏུ་སྤེལ་ཡོད། མི་གྲངས་སུམ་ཅུ་ལྷག་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། །