༄༅། །འདི་གར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་ནས་གནང་འཁོད་དོན། ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཨིན་ཡུལ་དུ་ཕྱིན་ནས་ཡུལ་དེའི་རྒྱ་རིགས་དང་། ཧོང་ཀོང་སོགས་ལ་གདོང་ཐུག་གི་འབྲེལ་བ་གནང་བཞིན་ཡོད། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༥ ཉིན་སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་ཨིན་ཡུལ་དུ་ཆེད་བཅར་གྱིས་ཡུལ་དེའི་རྒྱ་རིགས་དང་ཧོང་ཀོང་། དེ་བཞིན་ཤར་ཏུ་ཀི་སི་ཐན་མི་རིགས་སོགས་ཀྱི་སྒེར་དང་ཚོགས་སྡེའི་མི་སྣ་རྣམས་ལ་གདོང་ཐུག་འབྲེལ་བ་གནང་དང་གནང་བཞིན་ཡོད།
དེ་ཡང་ཕྱི་ཟླ་ ༢ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༡༠ ཐོག་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ཇི་ནི་ཝ་ནས་མཁའ་ལམ་བརྒྱུད་ཨིན་ལེན་རྒྱལ་ས་ལོན་ཏོན་གྲོང་ཁྱེར་ཏུ་ཐོན་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ཐོག་རྒྱ་ནག་མང་གཙོ་ཚོགས་པའི་དྲུང་ཆེ་ཧོད་ཧོང་ཡེ་ལགས་དང་ཟུར་ཐུག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་རྗེས་མ་འོངས་པར་བོད་རྒྱ་མི་རིགས་གཉིས་ཀྱིས་མཉམ་འབྲེལ་ཐོག་ལས་འགུལ་ཇི་ལྟར་སྤེལ་རྒྱུ་སོགས་ཀྱི་སྐོར་གྲོས་མོལ་ཞིབ་མོ་གནང་།
ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དབུ་བཞུགས་ཐོག་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་དང་། རྒྱ་ནག་མང་གཙོ་ཚོགས་པའི་བློ་འདོན་པ་ཧོང་ཧ་ལགས་དང་ཚོགས་མི་བཅུ། དེ་བཞིན་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་མ་ཇེན་ལགས་བཅས་ལྷན་དུ་དོན་གཅོད་ཁང་གི་ཚོགས་ཁང་དུ་ཚོགས་འདུ་ཞིག་བསྐོང་ཡོད། ཚོགས་འདུར་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ནས་གཙོ་སྐྱོང་གནང་ཡོད། ཐོག་མར་ཡུ་རོབ་འབྲེལ་མཐུད་པས་ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ངོ་སྤྲོད་གནང་རྗེས་སྐུ་ཚབ་དོན་གཅོད་ནས་གསུང་བཤད་གནང་ཡོད། ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐོག་མར་རྒྱ་རིགས་རྣམས་ལ་འཚམས་འདྲི་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་།སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་བོད་པ་དང་རྒྱ་རིགས་རྣམས་ལ་ཐུན་མོང་གི་དམིགས་ཡུལ་ཡོད་པས་མཉམ་འབྲེལ་བྱ་རྒྱུའི་གོ་སྐབས་མང་པོ་ཡོད། མ་འོངས་པར་མཉམ་འབྲེལ་མཉམ་ལས་དགོས་པ་གལ་ཆེན་ཡིན་པས་ལམ་སྟོན་གནང་།
དེ་རྗེས་རྒྱ་ནག་མང་གཙོ་ཚོགས་པའི་བློ་འདོན་པ་ཧོང་ཧ་ལགས་ཀྱིས་ཚོགས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས་ཚོགས་ཞུགས་པ་རེ་རེ་ནས་སོ་སོ་ངོ་སྤྲོད་དང་དོགས་འདྲི། བསམ་འཆར་སོགས་གསུངས། དེ་རྗེས་རྒྱ་རིགས་འབྲེལ་མཐུད་པས་ད་རེ་འདིར་བཅར་དགོས་པའི་དམིགས་ཡུལ་དང་། མ་འོངས་པར་མཉམ་འབྲེལ་བྱ་སྟངས་སོགས་ཀྱི་སྐོར་བརྗོད་པ་མ་ཟད། བོད་དང་འབྲེལ་བའི་དྲི་བ་རྣམས་ལ་ལན་འདེབས་གནང་།
ཚོགས་འདུའི་རྗེས་སུ་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོས་མགྲོན་འབོད་གནང་པ་ལྟར་ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་དགོང་མོའི་གསོལ་ཚིགས་སུ་ཕེབས་ཡོད། གསོལ་ཚིགས་སྐབས་སུ་ཚོགས་གཙོ་ཝང་ཀན་རོའོ་ལགས་སྐུ་ཚབ་དོན་གཅོད་དང་རྒྱ་རིགས་འབྲེལ་མཐུད་པར་དགའ་བསུ་ཞུ་ཡོད། དེ་བཞིན་གསོལ་ཚིགས་སྐབས་སུ་ཡང་རྒྱ་རིགས་ཚོའི་དྲི་བ་ལ་ལན་འདེབས་དང་། དེ་བཞིན་མཉམ་འབྲེལ་ཐོག་ལས་དོན་བྱ་ཕྱོགས་སྐོར་ལ་གྲོས་མོལ་རྒྱས་པ་གནང་།
ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པས་ཕྱི་ཟླ་ ༢ ཚེས་ ༡༠ བར་ཨིན་ཡུལ་ལོན་ཏོན་དུ་རྒྱ་རིགས་སོགས་དང་གདོང་ཐུག་གི་འབྲེལ་བ་བྱ་རྒྱུ་ཡིན་དང་། ཚེས་ ༨ ཉིན་རྒྱ་རིགས་དང་ཧོང་ཀོང་། ཤར་ཏུ་ཀི་སི་ཐན་སོགས་ཀྱིས་རྒྱ་ནག་གཞུང་གི་གཞུང་ཚབ་ཆེ་ཤོས་འཆར་གཞི་ལ་ངོ་རྒོལ་བྱ་རྒྱུ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་རེད། །