༄༅། །འདི་གར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་ནས་གནང་འཁོད་དོན། རྒྱ་རིགས་གཙོ་བོར་བྱས་པའི་འབྲེལ་མཐུད་ལས་དོན་ཆེད་ཨིན་ཡུལ་དུ་ཡོང་བའི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པས་ལས་དོན་ཁག་མུ་མཐུད་དུ་སྒྲུབ་བཞིན་པ་མ་ཟད། ལོན་ཌོན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་ལོན་ཌོན་ནས་ཨོག་སི་ཕོཌ་ (Oxford) རུ་ཕྱིན་ནས་འབྲེལ་ཡོད་མི་སྣ་དག་ལ་ཐུག་འཕྲད་དང་། ས་ཁུལ་དེར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོར་གདོང་ཐུག་གིས་ཁོང་ཚོའི་དྲི་བ་དག་ལ་ལན་འདེབས་གནང་། ལྷག་པར་བཙན་བྱོལ་ནང་གི་མི་སྣ་གལ་ཆེན་དག་གི་མཛད་རྣམ་དང་འབྲེལ་ནས་བགྲོ་གླེང་ཡུན་རིང་གནང་།
ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཨོག་སི་ཕོཌ་ལས་དོན་གྲུབ་རྗེས་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་་ཨོག་སི་ཕོཌ་ནས་ཐོན་ནས་ཕྱིར་ལོན་ཌོན་དུ་འབྱོར་པ་མ་ཟད། ཉིན་དེའི་རྒྱ་ནག་གིས་གཞུང་ཚབ་ཁང་ཆེ་ཤོས་གསར་རྒྱག་གི་ལས་གཞི་འགོག་ཆེད་སྤེལ་བཞིན་པའི་ངོ་རྒོལ་ཆེན་མོར་མཉམ་ཞུགས་གནང་། ཨིན་ཇིའི་རྒྱལ་ས་ལོན་ཌོན་གྱི་དེ་སྔོན་ཨིན་ཡུལ་རྒྱལ་པོའི་དངུལ་གྱི་བཟོ་གྲྭ་ (Royal Mint Court) ཟེར་བ་རྒྱ་ནག་གཞུང་གིས་ཉོས་ནས་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་དེར་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་བོད་མི་དང་། ཡུ་གུར་བ། ཧོང་ཀོང་ལས་འགུལ་བ། ཐེ་ཝན་གྱི་ལས་འགུལ་བ། དེ་བཞིན་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་ནག་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི། ཡུལ་དེར་གནས་སྡོད་བྱེད་མཁན་གྱི་ཡུལ་མི་བཅས་མཉམ་ཞུགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དེར་མཉམ་ཞུགས་གནང་། ལས་འགུལ་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཁག་གིས་བརྗོད་པ་ལྟར་ན་མི་གྲངས་བཞི་སྟོང་ཙམ་འཛོམས་ཡོད།
གཞི་རྒྱ་ཆེ་བའི་ངོ་རྒོལ་དེ་ནང་དུ་ཨིན་ཡུལ་དུ་ཡོད་པའི་ཚོགས་སྡེ་ ༡༦ ཙམ་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་ཞིག་བ་ཡིན་པ་དང་། ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ས་གནས་ཀྱི་བོད་མི་དང་མཉམ་དུ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད། རྒྱ་ནག་གི་དམིགས་ཡུལ་དེ་འགྲུབ་ན་ས་གནས་མི་མང་ལ་དཀའ་ངལ་ཙམ་མིན་པར་དེ་ནི་རྒྱ་ནག་གི་སོ་བའི་ལས་ཁང་ཆེ་ཤོས་དང་། དེ་བཞིན་ཨིན་ཡུལ་ནང་གི་བོད་པ་གཙོ་བོ་ཡིན་པའི་རྒྱ་ནག་ལ་ཁ་གཏད་བྱེད་མཁན་ཚོར་རྒྱལ་མཚམས་བརྒལ་ནས་དྲག་སྣོན་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བ་མ་ཟད། ཁོ་ཚོས་བདེ་འཇགས་ལ་ཡང་ཉེན་ཁ་ཡོད་པ་ཡིན།
ངོ་རྒོལ་གྱི་ལས་འགུལ་དེ་ཕྱི་ཚེས་ ༨ ཕྱི་དྲོ་ཆུ་ཚོད་ ༢ ནས་ ༤ བར་སྤེལ་ཡོད་པ་དང་། ངོ་རྒོལ་ལས་འགུལ་ནང་དུ་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་བཞི་ (Tom Tugendhat) ལགས་དང་། (Blair McDougall) ལགས། (Robert Jenrick) ལགས། (Iain Duncan Smith) ལགས་བཅས་མཉམ་ཞུགས་ཀྱི་གསུང་བཤད་གནང་ཡོད། ཁོང་རྣམ་པས་གསུང་བཤད་ནང་དུ་རྒྱ་ནག་གཞུང་གིས་གཞུང་ཚབ་གསར་པ་འདི་ཁོ་ཚོའི་འཆར་གཞི་ལྟར་སྐྲུན་པ་ཡིན་ན་དེ་ནི་སོ་བའི་ལྟེ་གནས་ཆེན་པོ་ཞིག་ཏུ་འགྱུར་བ་རེད་ཟེར།
ཡུ་རོབ་རྒྱ་རིགས་པ་ཕྱི་ཚེས་ ༥ ཉིན་ཨིན་ཡུལ་དུ་འབྱོར་ཡོད་པ་དང་། ཕྱི་ཚེས་ ༡༠ བར་དུ་ཡུལ་དེའི་རྒྱ་རིགས་གཙོ་བོ་ཡིན་པའི་ཧང་ཀོང་། ཡུ་གུར་བ་སོགས་ཀྱི་མི་སྣ་རྣམས་ལ་གདོང་ཐུག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་དོན་དང་བོད་ནང་གི་ད་ལྟ་གནས་སྟངས་ངོ་སྤྲོད། དེ་བཞིན་མ་འོངས་ཁོ་ཚོ་དང་འབྲེལ་བ་དམ་ཟབ། ལས་དོན་མཉམ་བསྒྲུབ་བྱ་ཕྱོགས་སྐོར་ལ་གྲོས་མོལ་བྱེད་བཞིན་ཡོད། །