༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༤ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ འགོ་འཛུགས་དང་བསྟུན་སུད་སི་དང་ལེག་ཊིན་ཚིན་བོད་རིགས་མི་མང་ནས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་གྱི་ངོ་རྒོལ་སྐད་འབོད་གནང་འདུག
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་ (Volker Turk) མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་ནང་། འདས་པའི་ལོའི་ནང་བྱུང་བའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་བསྐྱར་ལྡབ་མི་ཡོང་བར་འགྲོ་བ་མིའི་ཐོབ་ཐོང་དང་ཁྲིམས་ཀྱི་དབང་སྒྱུར་སྲུང་སྐྱོབ་དགོས་གལ་སྐོར་གསུང་ཞིང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་རྣམས་འགོག་རྒོལ་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཚོགས་སྡེ་སོགས་ནི་མེད་དུ་མི་རུང་བ་ཆགས་ཡོད་སྐོར་གསུང་ཡོད།སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་ཡོད། གཞན་ཡང་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་སུད་སི་རྒྱལ་ཁབ་ཀྱི་ལས་དོན་གནང་སྒོར་ངོས་འཛིན་གནང་བའི་ཐོག་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ཇུག་ལའུ་བྷར་(Jurg Lauber) མཆོག་འདི་ལོོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་མ་ཟད། ཟླ་བ་འདིའི་ཚེས་ ༡༢ ཉིན་སུད་སི་དབུས་གཞུང་ནས་རྒྱ་ནག་གཞུང་གིས་སུད་སིར་གནས་སྡོད་བོད་མི་སྟེང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་ཡོད་པ་ངོས་འཛིན་གྱིས་སྙན་ཐོ་འདེན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་ཕྱིའི་རྣམ་པ་ཙམ་གྱི་བོད་དང་ཤར་ཏུར་ཀི་སི་ཐན་སོགས་སུ་གཞི་རྩའི་རང་དབང་དང་ཐོབ་ཐང་ཡོད་སྐོར་རྒྱལ་ཁབ་གཞན་ལ་ལོག་འགྲེལ་བྱེད་ཀྱི་ཡོད་ཀྱང་། དོན་ངོ་མའི་ཐོག་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ཏུ་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་པ་གསལ་སྟོན་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གི་ཁྲིམས་འགལ་གྱིི་བྱ་སྤྱོད་ཁག་ལ་ཐེར་འདོན་དགོས་པའི་ནན་བརྗོད་གནང་ཡོད།
ཐེངས་འདིའི་རྒྱལ་ཚོགས་ཀྱི་མདུན་ཐང་བོད་ནང་གི་གནས་སྟངས་ལ་ཞུ་འབོད་གནང་བའི་ལས་འགུལ་འདིའི་ཐོག་སུད་སིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་། སུད་སི་དང་ལེག་ཊིན་ཚིན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ། རྒྱ་རིགས་ཡི་ཤུའི་ཆོས་ལུགས་ཀྱི་སྐུ་ཚབ་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་གྲངས་ ༨༠ ལྷག་ལྷན་འཛོམས་གནང་ཡོད།།