༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་དཔལ་ལྡན་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམ་ཤག་ཏུ་དགུང་ལོ་ ༩༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། དེ་རིང་ཚེས་ ༩ ཉིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་སྐུ་ཚབ་དོན་གཅོད་ལས་ཁུངས་དབར་གྱི་ལས་དོན་གླེང་སྟེགས་ཝ་ཙེ་ཨེབ་ (WhatsApp) ཚོགས་པའི་ནང་གནས་ཚུལ་མཉམ་སྤྱོད་གནང་བར་གཞིགས་ན། ནིའུ་ཡོག་དང་ནིའུ་འཇར་སི་དང་། པོ་ཊི་ལན་ཌ། ཝན་ཁུ་ཝ་སྦི་སི། ཅི་ཀ་གྷོ། སྦོ་སི་ཊོན། མི་ནི་སོ་ཊ། རྒྱལ་སའི་མངའ་ཁུལ། གངས་ལྗོངས་ཆོས་ལྡན་གླིང་། ཝར་མོན་ཊ། ཨི་ཐི་ཀ། བྱང་ཀ་ལེ་ཕོ་ནི་ཡ། ལྦི་སི་ཀོན་སིན། ཀ་ནེཀ་ཊི་ཀཊ་བཅས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པར་མྱ་ངན་རྗེས་དྲན་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་ཐུགས་སྨོན་དང་། རྗེས་ཤུལ་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་གནང་འདུག
གནས་ཚུལ་ཐོན་གསལ་ལྟར་ན། ༸སྐུའི་གཅེན་པོ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་མ་ཐག་ནིའུ་ཡོག་དུས་སྐབས་ཚགས་པར་དང་། ཝ་ཤིང་ཊོན་པོ་སི་ཌི་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ནང་དམ་པ་ཁོང་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་པའི་མཛད་རྗེས་དྲངས་ནས་རྗེས་དྲན་ཞུས་ཡོད་པ་རེད། །