༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༡ ཉིན་ཉི་འོང་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་ཉི་འོང་ཤིན་ཇུ་ཀུ་ལོ་རྒྱུས་འགྲེམས་སྟོན་ཁང་དུ་བོད་རང་བཙན་ཉིན་མོའི་གསལ་བསྒྲགས་སྤེལ་ཏེ་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད། མཛད་སྒོ་དེ་བརྒྱུད་མང་ཚོགས་ལ་ཉིན་མོ་དེའི་གལ་གནད་དང་། རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལོག་འགྲེལ་གསལ་སྟོན་བྱ་རྒྱུ་ཡིན་པ་རེད།
དེ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་དང་། ཉི་འོང་བོད་རིགས་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཤིའོ་ཏཱ་ལགས་རྣམ་གཉིས་ནས་ཚོགས་ཞུགས་པ་རྣམས་ཕེབས་བསུ་དང་འབྲེལ་མཛད་སྒོའི་དགོས་དམིགས་སྐོར་ངོ་སྤྲོད་གནང་ཡོད། མཛད་སྒོའི་ཐོག་མར་བོད་དང་ཉི་འོང་གཉིས་ཀྱི་རྒྱལ་གླུ་བླངས་བ་དང་ཆབས་ཅིག བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མང་ཚོགས་ནས་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་ཡོད།སྐབས་དེར་ཝ་སེ་དྷ་གཙུག་ལག་སློབ་གཉེར་ཁང་ (Waseda University) གི་འབུམ་རམས་པ་ཨི་ཤི་ཧ་མ་ཡུ་མི་ཀོ་ (Prof. Ishihama Yumiko) ལགས་དང་། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་རྣམ་གཉིས་སྐུ་མགྲོན་དུ་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད།
འབུམ་རམས་པ་ཨི་ཤི་ཧ་མ་ཡུ་མི་ཀོ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན། དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་བོད་ལ་བསྐྱོད་པའི་ཉི་འོང་གི་སྐུ་མགྲོན་རྣམས་ཀྱི་སྐོར་གསུང་བཤད་གནང་ཡོད། ཁོང་མོས་ཨིན་ཇིའི་འོག་གི་རྒྱ་གར་དང་། ཨུ་རུ་སུ། རྒྱ་ནག་བཅས་ཀྱིས་རྩེས་པའི་རྩེད་འགྲན་ཆེན་མོའི་སྐོར་གསུངས། དེ་བཞིན་གསུང་བཤད་ཀྱི་ལས་རིམ་འདི་ནི་ཉི་འོང་གི་རྒྱལ་ཁབ་ཀྱི་དུས་ཆེན་ཏེ། སྤྱི་ལོའི་སྔོན་གྱི་ལོ་ ༦༦༠ ལོར་ཉི་འོང་གི་རྒྱལ་པོ་དང་པོ་ཇིམ་མུ་ཁྲི་ལ་འཁོད་པའི་ཉིན་མོ་དང་བསྟུན་ཡོད་ཅེས་གསུངས།
དེ་རྗེས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ནི་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བདག་དབང་ཡོད་ཚུལ་བསྒྲུབ་ཆེད་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པའི་སྐོར་གསུངས། ཁོང་གིས་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀ་རྒྱ་ནག་བཙན་བཟུང་བྱས་པའི་ཕྱི་རྒྱལ་གྱི་རྒྱལ་རབས་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་རབས་དེ་གཉིས་ནས་བོད་ཀྱི་བདག་དབང་རྒྱུད་འཛིན་བྱས་ཚུལ་གྱི་ཁས་ལེན་དེ་གཞི་རྩ་མེད་ཅིང་ལོ་རྒྱུས་ཀྱི་ནོར་འཁྲུལ་ཞིག་ཡིན་པའི་སྐོར་གསུངས། དེ་མཚུངས་རྒྱ་ནག་གི་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭ་དང་། རྒྱ་གཞུང་གིས་བོད་ཕྲུག་རྣམས་ཀྱི་ཕ་སྐད་དང་། ངོ་བོ། རིག་གཞུང་བཅས་འཕྲོག་ཐབས་བྱེད་བཞིན་པའི་སྐོར་ཡང་འགྲེལ་བརྗོད་གནང་།
མཛད་རིམ་དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཕུ་ཧི་ཏ་ཡོ་ཀོ་ (Fujita Yoko) ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། དེར་བོད་མི་དང་། ཉི་འོང་གི་རྒྱབ་སྐྱོར་བ། མཁས་པ་ཁག མི་མང་བཅས་ནས་མཉམ་ཞུགས་གནང་ཡོད། མཛད་སྒོའི་སྐབས་བོད་སྐོར་དང་། རྒྱ་ནག་གི་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་སྐོར་གྱི་གནས་ཚུལ་དེབ་ཆུང་ཁག་འགྲེམས་སྤེལ་གནང་ཡོད་པ་བཅས།།