༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ནས་ ༢༤ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་བཞི་དང་མཉམ་དུ་ནིའུ་ཡོག་དང་། མི་ནི་སོ་ཊ། ཝེ་སི་ཀོན་སིན། ཅི་ཀ་གྷོ་བཅས་ནང་བོད་སྐོར་སྐོར་བསྐྱོད་འགྲེམས་སྟོན་གནང་གཏན་ཁེལ་ཡོད།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་དང་། འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་གཉིས་སྐོར་བསྐྱོད་འགྲེམས་སྟོན་ཆེད་ཉེ་ཆར་ཨ་རིར་ཕེབས་འབྱོར་ཟིན་པ་དང་། དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་ནས། ཕྱི་དྲིལ་ལས་ཁུངས་ཀྱིས་འགྲེམས་སྟོན་ནི་བོད་ཀྱི་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་བཞིན། ཐེངས་འདིར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། གོང་གསལ་ས་གནས་ཁག་བཞིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕྱག་རོགས་འོག་བོད་དོན་སྐོར་འགྲེམས་སྟོན་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་གོང་ཞུས་ས་གནས་ཁག་ཅིག་ནང་ཡོད་པའི་མཐོ་སློབ་དང་འགྲེམས་སྟོན་ཁང་དབར་མ་འོངས་འབྲེལ་ལམ་གཏོད་རྒྱུ་དང་། མཉམ་ལས་བྱེད་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ་ནི་ཐེངས་འདིར་སྐོར་བསྐྱོད་བྱེད་པའི་དམིགས་ཡུལ་གཙོ་བོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༢ ཚེས་ ༣ ཉིན་རྒྱབ་ནིའུ་ཡོག་ཏུ་ཡོད་པའི་ཨ་རི་བོད་ཁང་ (Tibet House) དང་། ཚེས་ ༤ ནས་ ༦ བར་ནིའུ་ཡོག་དང་ནིའུ་འཇར་སི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞི། ཚེས་ ༨ ནས་ ༡༣ བར་མི་ནི་སོ་ཊ། ཚེས་ ༡༥ ནས་ ༢༠ བར་ཝེ་སི་ཀོན་སིན། ཚེས་ ༢༡ ནས་ ༢༢ བར་ཅི་ཀ་གྷོ་བཅས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་བའི་མཛད་པ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་ནང་དོན་གསལ་བའི་འགྲེམས་སྟོན་གནང་རྒྱུ་ཡིན་ཞིང་། ནང་དོན་དེ་དག་ལ་པར་རིས་སྣ་ཚོགས་དང་། བོད་ཀྱི་ཤོག་དངུལ་དང་། ཊམ་ཀ་སོགས་ཁྱོན་དངོས་ཆས་རྣམ་གྲངས་བརྒྱ་སྐོར་ཞིག་འགྲེམས་སྟོན་གནང་རྒྱུ་ཡིན་པ་མ་ཟད། ས་གནས་ཁ་ཤས་ལ་དངོས་བྱུང་གློག་བརྙན་སྟོན་པའི་ལམ་ནས་བོད་ངོ་སྤྲོད་གནང་རྒྱུ་རེད་འདུག
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་ཐེངས་འདིར་ཨ་རིར་སྐོར་བསྐྱོད་འགྲེམས་སྟོན་གནང་རྒྱུའི་ལས་འཆར་འདི་ལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་རེ་སྐུལ་ཞུས་པ་བཞིན། ནིའུ་ཡོག་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ། ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པ། ཅི་ཀ་གྷོ་བོད་རིགས་སྤྱི་མཐུན་ཚོགས་པས་ཚོགས་ཁང་མཐུན་འགྱུར་དང་། ས་གནས་ཀྱི་མཐོ་སློབ་དང་འགྲེམས་སྟོན་ཁང་ལ་འབྲེལ་མཐུད་གནང་རྒྱུས་མཚོན་གང་ཅིའི་ཕྱག་རོགས་གང་ལེགས་གནང་བ་ལ་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་ཆོས་གྲུབ་ལགས་ནས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། །