༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་ ༥༨ ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༤ ནས་ཟླ་བ་ ༠༤ ཚེས་ ༠༤ བར་ཚོགས་རྒྱུའི་སྔོན་དུ་བོད་མིའི་སྐུ་ཚབ་རྣམ་པས་མཉམ་འབྲེལ་རྒྱལ་ཚོགས་སུ་ཡིག་ཐོག་ཞུ་སྙན་ཞིག་ཕུལ་ཡོད། ཞུ་སྙན་ནང་བོད་ནང་མེ་ཏོག་རྫོང་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་ཐོག་སེམས་འཚབ་ཡོད་པ་གསལ་སྟོན་གནང་ཡོད།
དེ་ཡང་གཞུང་འབྲེལ་ཡིག་ཆ་ཕུལ་བ་དང་མཉམ་དུ་སྐུ་ཚབ་རྣམ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གནས་འཐུས་མི་ ༡༦ དང་། དམིགས་བསལ་ཆེད་ལས་པ་ ༦། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨེ་ཤི་ཞི་བདེ་རྒྱ་མཚོ་དང་། རྒྱ་ནག་ལས་ཁུངས་ཀྱི་འགོ་ལས་རྣམ་པ་དང་མཇལ་འཕྲད་ཀྱིས་འབོད་སྐུལ་གནང་ཡོད།སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་མང་པོས་རྒྱ་ནག་གི་དཔལ་འབྱོར་དང་། དམག་དོན་གྱི་ཤུགས་རྐྱེན། རྒྱལ་ཁབ་མང་པོས་པེ་ཅིན་དང་མཉམ་དུ་འཇོག་པའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་གལ་ཆེན་ངོས་འཛིན་གནང་ཡོད་པ་དང་། དཔོན་རིགས་རྣམ་པས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཐད་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་རྣམས་ངེས་པར་དུ་ལག་བསྟར་དགོས་པའི་ནན་བཤད་གནང་ཡོད། རྒྱལ་ཁབ་འགས་མང་ཚོགས་ལ་སེམས་འཚབ་ཡོད་པ་གསལ་བསྒྲགས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་དང་། འགའ་ཤས་ཀྱིས་གནད་དོན་འདི་གཞུང་ཚབ་བརྒྱུད་ལམ་ནས་ཐག་གཅོད་གནང་རྒྱུའི་ཁས་ལེན་གནང་ཡོད།
ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམ་སྐྱིད་ལགས་ཀྱིས་བོད་ནང་བཙོན་འཇུག་བྱས་པའི་མྱོང་ཚོར་གསུང་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་མང་པོར་སེམས་འགུལ་ཐེབས་ཡོད་པ་དང་། འགའ་ཤས་ཀྱིས་རྒྱ་ནག་གི་ཕྱི་ཚུལ་གྱི་རྣམ་པ་དང་ལྐོག་ཏུ་བྱ་སྤྱོད་གཉིས་དབར་གྱི་ཁྱད་པར་ཆེན་པོ་ཧང་སང་པའི་རྣམ་འགྱུར་བསྟན་ཡོད།འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་ ༥༨ དེ་བཞིན་བོད་ནང་རྒྱ་ནག་གི་བྱ་སྤྱོད་ལ་འགན་འཁྲི་བཟོ་རྒྱུའི་གལ་ཆེའི་སྡིངས་ཆ་ཞིག་བསྐྲུན་ཡོད། བོད་མིའི་སྐུ་ཚབ་རྣམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་ཚད་གཞི་དང་འགལ་བའི་སྲིད་བྱུས་ཁག་ལ་ཁྲིམས་མཐུན་ལག་བསྟར་གནང་དགོས་པའི་འབོད་སྐུལ་མུ་མཐུད་གནང་བཞིན་ཡོད་པ་རེད།
སྐུ་ཚབ་ཚོགས་ཆུང་ནང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རྣམ་སྐྱིད་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། སུད་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་པ་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་ཡོད།
ཐེངས་འདིར་འབོད་སྐུལ་ཚོགས་ཆུང་གིས་བོད་ཀྱི་ལོ་རྒྱུས་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་ཤེས་རྟོགས་ཞན་པའི་རྒྱལ་ཁབ་ཆུང་བ་ཁག་ལ་དམིགས་སུ་བཀར་ནས་ལས་འགུལ་སྤེལ་ཡོད། སྐུ་ཚབ་ཚོགས་ཆུང་གིས་བོད་ཀྱི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་ཕྲའི་འགྲེལ་བརྗོད་གནང་སྟེ་གོ་རྟོགས་ཟབ་མོ་སྤེལ་ཐུབ་པ་བྱུང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་རིམ་གྲུབ་རྗེས་རྣམ་སྐྱིད་ལགས་དང་། འབྲུག་བསྟན་སྐྱིད་ལགས། ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་ཇར་མ་ནིའི་གྲོང་ཁྱེར་མིའུ་ནིག་ཏུ་ཕེབས་ཏེ་ (Tibetan Initiative Deutschland) གིས་གོ་སྒྲིག་གནང་བའི་བོད་དོན་འབོད་སྐུལ་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད་པ་བཅས།།