༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེལ་ཀོབ་སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་བོད་མིའི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ནང་སྲིད་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། སྐྱེ་ལྡན་ཞིབ་འཇུག་དང་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས། དེ་བཞིན་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་། སོ་ནམ་ལས་གཞི་འགན་འཛིན་སོགས་ཕེབས་ཡོད།
དེ་ཡང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བཙན་བྱོལ་ནང་བོད་མིའི་སོ་ནམ་ཞིང་ལས་ཀྱི་འཕེལ་རིམ་སྐོར་ངོ་སྤྲོད་དང་འབྲེལ། ཐོག་མར་བོད་མི་ཚོར་སོ་ནམ་གྱི་ཤེས་ཡོན་དེ་ཙམ་མེད་སྟབས་ལོ་ཏོག་ཁ་ཤས་ཙམ་འདེབས་ལས་བྱས་པ་ནས་བཟུང་ད་བར་གྱི་ཡར་རྒྱས་གལ་ཆེན་བྱུང་བ་རྣམས་གསལ་སྟོན་གནང་ཡོད། དེ་བཞིན་དེང་སྐབས་རྫས་ལུད་དང་། འབུ་སྨན་སོགས་བེད་སྤྱོད་བྱེད་པའི་ཉེན་ཁ་སྐོར་གསུངས་པ་དང་སྦྲགས་ཁོར་ཡུག་དང་མཐུན་པའི་ཐབས་ལམ་དགོས་གལ་སོགས་ནན་བརྗོད་གནང་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིའི་གཞིས་ཆགས་ཁག་ཏུ་རྒྱུན་གནས་ཐུབ་པའི་སོ་ནམ་ལས་གཞི་སྤེལ་རྒྱུའི་སྐོར་འགྲེལ་བརྗོད་གནང་བ་དང་། ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ནང་བོད་མི་ཚོས་གཙོ་བོར་རང་གི་འཚོ་བའི་ཆེད་ཞིང་ལས་གཉེར་བ་དང་། ཨ་ཤོམ་དང་ཞོ་ཁོག མོན་ཆག་སོགས་གཞི་རྩའི་ལོ་ཏོག་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་གསུངས།
དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་ཁ་རང་གསོའི་དགོངས་གཞི་ལ་བརྟེན་ནས་བོད་མིའི་སོ་ནམ་ཞིང་ལས་ཡར་རྒྱས་ཕྱིན་ཡོད། སྐྱེ་ལྡན་ཞིབ་འཇུག་དང་སྦྱོང་བརྡར་བསྟི་གནས་ཁང་ལྟ་བུའི་བསྟི་གནས་གསར་འཛུགས་དང་། དེང་རབས་ཀྱི་འཕྲུལ་ཆས་དང་ལག་རྩལ་ལག་ལེན་ལ་བརྟེན་ནས་ཞིང་ལས་པ་ཚོས་ལོ་ཏོག་རིགས་སྣ་ཚོགས་འདེབས་ལས་བྱེད་ཐུབ་པ་མ་ཟད། ས་ཞིང་གི་སྤུས་ཚད་ཀྱང་ཡར་རྒྱས་གཏོང་ཐུབ་པ་བྱུང་ཡོད། ཅེས་གསུངས།དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་རྣམས་ནས་ཞིང་ལས་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སྐབས་བོད་པའི་ན་གཞོན་མང་པོ་གྲོང་ཁྱེར་དུ་གནས་སྤོ་བྱེད་པ་དང་། ཞིང་ལས་ནས་ཐག་རིང་དུ་འགྲོ་བཞིན་པའི་སྐབས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ན་གཞོན་ཚོར་ཞིང་ལས་ནི་གཟི་བརྫིད་ལྡན་པའི་འཚོ་ཐབས་ཤིག་ཡིན་པ་ངོས་འཛིན་བྱེད་དགོས་པར་སྐུལ་མ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ཞིང་པ་ཚོར་དཔལ་འབྱོར་དང་། ཆེད་ལས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་མུ་མཐུད་གནང་རྒྱུ་ཡིན་པ་དང་ཆབས་ཅིག རྒྱ་གར་དབུས་གཞུང་དང་། ལྷག་པར་ཀར་ན་ཊ་ཀ་མངའ་སྡེའི་གཞུང་ནས་བོད་མིའི་གཞིས་ཆགས་དང་སོ་ནམ་གྱི་ལས་གཞི་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད།
ཚོགས་འདུའི་ཐོག་ས་གནས་འགོ་འཛིན་དང་། སོ་ནམ་ཞིང་ལས་ཀྱི་ཆེད་ལས་པ། ཞིང་པ་བཅས་ལ་དཀའ་ངལ་སྐོར་གྲོས་བསྡུར་དང་། ཤེས་ཡོན་བརྗེ་ལེན། ཞིང་ལས་ཐོན་སྐྱེད་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་བྱུས་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུའི་གོ་སྐབས་ཐོབ་ཡོད་པ་བཅས།།