༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༢ ཉིན་ནས་འགོ་འཛུགས་ཏེ། རྒྱ་གར་བྱང་ཤར་ས་ཁུལ་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་པ་ལྟར། ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་གཉིས་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མགྲོན་ཁང་ནས་ཕེབས་ཐོན་གྱིས་སུ་ཁེ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུ་གནས་གཟིགས་དང་། དེ་རྗེས་སྐྱིད་གཏེར་འོད་གསལ་གླིང་སྒྲུབ་སྡེ་དང་། སྐྱིད་གཏེར། སྤོག་རི་སྤང་བོད་པའི་མི་མང་རྣམས་ཐུག་འཕྲད་གནང་ཡོད་འདུག
ཉིན་གུང་རྡོར་གླིང་སཾ་བྷོ་ཊའི་སློབ་གྲྭར་གཟིགས་སྐོར་དང་། སློབ་གྲྭའི་ཚོགས་ཁང་ནང་རྡོར་གླིང་མི་མང་དང་། སློབ་ཕྲུག་འདུ་འཛོམས་ཐོག རྡོར་གླིང་ས་གནས་འགོ་འཛིན་ནས་གཞིས་ལས་ཁང་གི་ལས་བསྡོམས་དང་། སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ནས་མི་མང་ལ་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་བཅས་གནང་། དེ་རྗེས་རིམ་པས་རྡོར་གླིང་ས་འགོ་ལས་ཁུངས་གསར་རྒྱག་གི་ལས་གཞི་དང་། རྡོར་གླིང་རང་འཚོ་བཟོ་གྲྭའི་ལས་ཁུངས་ཨ་མ། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགྲེམས་སྟོན་ཁང་། ས་གནས་རང་བདེན་ཚོགས་ཆུང་བཅས་སུ་གཟིགས་སྐོར་ཕེབས་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་ཞོགས་པ་མགྲོན་ཁང་ནས་ཕེབས་ཐོན་གྱིས་རང་འཚོ་བཟོ་གྲྭའི་ནང་གཟིགས་སྐོར་དང་། དེ་རྗེས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་ལ་གནས་མཇལ། མི་རིག་ཁུལ་ལ་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་བཅས་གནང་རྗེས། ཤི་ལི་གྷུ་རིར་ཕེབས་ཐོན་གྱིས་ཐེངས་འདིའི་རྒྱ་གར་བྱང་ཤར་བསུ་ན་མདའ་བཀྲ་ཤིས་གླིང་དང་། རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །