༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ པའི་ཚེས་ ༤ ནས་ ༩ བར་བོན་གཞིས་ཐོབ་རྒྱལ་གསར་པ་དང་། ཧ་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་། ཀུམ་རའོ་སྒ་པ་གཞིས་ཆགས། ཁམས་ཀཿཐོག པུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གི་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༤ ཉིན་བོན་གཞིས་ཐོབ་རྒྱལ་གསར་པར་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་གཙོ་མཆོག་བསྟན་འཛིན་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བློ་ལྡན་ཉི་མ་ལགས། གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་ཟུང་དྲུང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། དེ་བཞིན་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས་ཡོད་འདུག
ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་ཁོང་གིས་སྤྱི་འཐུས་ཡོངས་ཀྱིས་བོད་སྤྱི་པའི་ལས་དོན་གཙིགས་སུ་བཟུང་སྟེ་ཕྱག་ལས་གནང་དགོས་པ་དང་། ༧གོང་ས་མཆོག་ལས་ལྷག་པའི་སྐུ་དྲིན་ཆེ་བ་གཞན་མེད་སྟབས་ཁོང་གི་བཀའ་དགོངས་འབད་སྒྲུབ་ཞུ་དགོས་པ་བཅས་ཀྱི་བཀའ་སློབ་གནང་ཡོད་འདུག
དེ་རྗེས་གཞིས་ཆགས་དང་ལས་ཁུངས་ཁག་ལ་གཟིགས་སྐོར་གནང་རྗེས་གནད་ཡོད་མི་སྣ་ཧྲག་བསྡུས་ཀྱིས་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག
ཉིན་རྒྱབ་བོན་གཞིས་སཾ་བྷོ་ཊ་ཉིན་སློབ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། བོན་གཞིས་རཊྣ་སྨན་གླིང་བཙུན་དགོན་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། ཕྱི་དྲོར་བོན་གཞིས་ཐོབ་རྒྱལ་གསར་པའི་ལས་དོན་ཡོངས་སུ་གྲུབ་ཅིང་། དགོང་མོའི་ཆུ་ཚོད་ ༡༠།༠༠ ཙམ་ལ་སྤྱི་འཐུས་རྣམ་གཉིས་ཧར་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་དུ་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་དགེ་འབྱོར་ལགས་རྣམ་གཉིས་གཙོས་གཞིས་ཆགས་ཁག་གི་བཅུ་དཔོན་དང་། ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱི་སྐུ་ཚབ་ཚོས་ཕེབས་བསུ་ཞུས་ཡོད་འདུག
ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་ཧར་པ་པུར་སཾ་བྷོ་ཊ་སློབ་གྲྭར་ཕེབས་སྐབས་སློབ་སྤྱི་བསོད་ནམས་དཔལ་སྐྱིད་ལགས་ཀྱིས་སྣེ་ཁྲིད་དེ་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་མཇལ་དར་བསྣམས་ཤིང་རུ་སྒྲིག་རོལ་རྡུང་བཀྲོལ་གསུམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་འཛོམས་ཏེ་སྤྱི་འཐུས་རྣམ་གཉིས་ལ་འཛིན་རིམ་མཐོ་བའི་སློབ་ཕྲུག་ཚོས་སྙན་ངག་གྱེར་འདོན་དང་རིགས་ལམ་སྤྱན་འབུལ། དེ་བཞིན་གཞས་སྣ་འཁྲབ་སྟོན་སོགས་ཞུས་ཡོད་ཅིང་། སྐབས་དེར་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་དང་། སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་པ། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་བོད་པའི་སྐད་ཡིག་རིག་གཞུང་གི་གལ་གནད་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག
ཉིན་གུང་དཔལ་ས་སྐྱའི་བྱེས་ཀྱི་གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྡེ་ལ་མཆོད་མཇལ་དང་། དེ་ནས་ས་གནས་འཕྲོད་བསྟེན་སྨན་ཁང་དང་། སེ་ལ་ཀུའི་བཟོ་རིག་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་ཅིང་། སློབ་སྤྱི་བསྟན་འཛིན་ཆོས་བཟང་ལགས་ཀྱིས་རེ་སྐུལ་ལྟར་བསྟི་གནས་ཁང་གི་ར་བར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་སྤྱོད་ལུས་སྦྱོང་ (Open Gym) ཞིག་གསར་འཛུགས་གནང་ཡོད་པ་དབུ་འབྱེད་གནང་ཡོད་པ་དང་། ཕྱི་དྲོར་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་། འཛིན་རིམ་ ༡༠ དང་ ༡༢ བཅས་ཀྱི་སློབ་ཕྲུག་ཚོའི་ཡིག་རྒྱུགས་སྐོར་ལ་ལམ་སྟོན་གནང་ཡོད་འདུག
ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་ཀྱིས་གོང་དཀར་ཚེ་སྒྲུབ་ལྷ་ཁང་དང་། དམག་ཞབས་ཟུར་པའི་རྒས་གསོ་ཁང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་ཁུངས་བཅས་ལ་གཟིགས་སྐོར་གྲུབ་རྗེས། ཆུ་ཚོད་ ༡༡།༠༠ ཐོག་མི་མང་ཚོགས་འདུ་ཚོགས་ཏེ། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་བོད་དང་རྒྱ་ནག་གི་ད་ལྟའི་གནས་སྟངས་དང་། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་། རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ་བཅས་ཀྱི་སྐོར་ལ་གསུང་བཤད་དང་། མི་མང་ལྷན་དྲི་བ་དྲིས་ལན་གནང་ཡོད་འདུག
ཉིན་རྒྱབ་ཧར་པ་པུར་ས་གནས་འགོ་འཛིན་གྱིས་ཕེབས་སྐྱེལ་བཅས་ཀུམ་རའོ་སྒ་པ་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དོན་འགྲུབ་ལགས། སྒ་པ་བསམ་འགྲུབ་གླིང་དགོན་པའི་དབུ་འཛིན་མཆོག་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག
ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་སྒ་སྐྱེ་རྒུ་དགོན་ས་ངོར་བརྩེ་ཆེན་བསམ་འགྲུབ་གླིང་དགོན་དང་། སྒ་པ་གཞིས་ཆགས། ས་གནས་སློབ་གྲྭ་ (Central School for Tibetans) (Himalayan Public School) བཅས་ལ་གཟིགས་སྐོར་གནང་ཡོད་ཅིང་། སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་མི་མང་ཚོགས་འདུ་ཚོགས་ཏེ། སྤྱི་འཐུས་རྣམ་གཉིས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གསུང་བཤད་དང་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཙམ་ལ་སྤྱི་འཐུས་རྣམ་གཉིས་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཉིན་གུང་ཞལ་ལག་རྗེས། མི་མང་ཚོགས་འདུ་ཚོགས་ཏེ་སྤྱི་འཐུས་རྣམ་གཉིས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གསུངབཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང་། ཉིན་རྒྱབ་ལས་ཁུངས་ཁག་ལ་གཟིགས་སྐོར་དང་། ཕྱི་དྲོར་རྙིང་མ་ཀཿཐོག་དགོན་པར་མཆོད་མཇལ་དང་། ཀཿཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག
ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་ཁམས་ཀཿཐོག་ནས་ཕེབས་ཐོན་གནང་སྟེ། སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་པུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གཙོས་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། མི་མང་གིས་ཕེབས་བསུ་དང་གསོལ་ཇ་གྲོ་མ་འབྲས་སིལ་འདེགས་འབུལ་བཅས་ཞུས་རྗེས་མི་མང་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་བཅས་ཀྱི་སྐོར་ལ་གསུང་བཤད་དང་། མི་མང་ལྷན་དྲི་བ་དྲིས་ལན་ཆུ་ཚོད་ ༣།༠༠ ལྷག་རིང་ཞུས། ཉིན་རྒྱབ་གཞིས་ཆགས་དང་ཚོགས་སྡེ་ཁག སློབ་གྲྭ་བཅས་ལ་གཟིགས་སྐོར་དང་། ༧དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་མཆོད་མཇལ་བཅས་ཞུས་ཡོད་འདུག་པ་བཅས། །