༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ནས་སྦེལ་འཇམ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༩ ཉིན་ཕ་རན་སི་རྒྱལ་ས་པེ་རི་སེར་ཕེབས་ཐོན་གྱིས་བྱང་གི་མེ་འཁོར་འབབ་ཚུགས་སུ་ཉིན་གུང་ཆུ་ཚོད་ ༡༢།༠༥ ཙམ་ལ་ཕེབས་འབྱོར་སྐབས། ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་ལགས་ཀྱིས་གཙོས་རྒྱུན་ལས་ཁག་ཅིག་དང་། ས་གནས་དབུས་གཙང་ཆོལ་ཁའི་སྐུ་ཚབ་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་འདུག
དེ་ནས་སྤྱི་འཐུས་རྣམ་གཉིས་ཀྱིས་ཕ་རན་སིའི་བོད་རིགས་ཚོགས་པའི་འཛིན་སྐྱོང་འོག་ལ་ཡོད་པའི་གཟའ་མཇུག་སློབ་གྲྭའི་གནས་ཚུལ་རྒྱུས་ལོན་ཆེད། དཔལ་ཡོན་སློབ་གྲྭའི་འཛིན་གྲྭ་འཚོགས་བཞིན་པའི་སྐབས་སུ་གཟིགས་སྐོར་ཕེབས་ཡོད་པ་དང་། སྐབས་དེར་དཔལ་ཡོན་སློབ་གྲྭའི་ཤེས་ཡོན་འགན་འཛིན་སྤྱི་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་ ༡༩༩ དང་། དགེ་རྒན་གྱི་གྲངས་ ༡༡། འཛིན་རིམ་ཁག་མི་འདྲ་བ། ལོ་རིམ་དགུ་པར་སློབ་ཕྲུག་ ༡༥ དང་། ལོ་རིམ་བདུན་པར་སློབ་ཕྲུག་གྲངས་ ༡༤། ལོ་རིམ་དྲུག་པར་སློབ་ཕྲུག་གྲངས་ ༡༠། ལོ་རིམ་ལྔ་པར་སློབ་ཕྲུག་གྲངས་ ༡༣། ལོ་རིམ་བཞི་པར་སློབ་ཕྲུག་གྲངས་ ༡༡། ལོ་རིམ་གསུམ་པར་སློབ་ཕྲུག་གྲངས་ ༣༧། ལོ་རིམ་གཉིས་པར་ སློབ་ཕྲུག་གྲངས་ ༢༨། ལོ་རིམ་དང་པོར་སློབ་ཕྲུག་གྲངས་ ༡༨། སྔོན་འགྲོ་ཀ་པར་སློབ་ཕྲུག་གྲངས་ ༢༧། ཁ་པར་སློབ་ཕྲུག་གྲངས་ ༡༢། ག་པར་སློབ་ཕྲུག་གྲངས་ ༡༤ བཅས་ཡོད་སྐོར་གསུངས་འདུག་པ་དང་། ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ད་ལྟའི་ཆར་ཕ་རན་སི་ནང་གཟའ་མཇུག་སློབ་གྲྭ་ཁྱོན་བསྡོམས་གྲངས་ ༡༠ ཙམ་ཡོད་སྐོར་གསུངས་འདུག
དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༣།༡༥ ནས་སྐུ་ཚབ་དོན་ཁང་དང་། བོད་རིགས་ཚོགས་པ་ཐུན་མོང་ཐོག པེ་རི་སི་བདེ་ཆེན་འོད་གསལ་གླིང་ཆོས་ཚོགས་ནང་སྤྱི་འཐུས་རྣམ་གཉིས་ཀྱིས་བོད་རིགས་མི་མང་རྣམས་ལ་གསུང་བཤད་དང་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་ཞུས་ཤིང་། སྐབས་དེར་བོད་རིགས་ཚོགས་པའི་བོད་དྲུང་གིས་ལས་རིམ་ངོ་སྤྲོད་དང་། དེ་ནས་ཚོགས་གཙོས་བོད་རིགས་ཚོགས་པའི་གནས་བབ་སྐོར་ངོ་སྤྲོད། པེ་རི་སི་འབྲེལ་མཐུད་པས་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན། སྤྱི་འཐུས་རྣམ་གཉིས་ཀྱིས་བོད་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་དང་། མི་མང་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་གང་ཐུབ་གནང་གལ་ཆེ་བ། ཚང་མས་བཅའ་ཁྲིམས་རིན་པོ་ཆེ་ནས་གོང་དུ་བསྐུར་བའི་ཐོག་རང་འཁྲིའི་བོད་ཀྱི་ཡུལ་མི་ཡིན་པའི་ལས་འགན་གཙོ་བོ་དཔྱ་ཁྲལ་ལག་དེབ་ཀྱི་དོད་ལོ་ལྟར་ཆད་ལྷག་མེད་པར་འབུལ་ཐུབ་རྒྱུར་རང་འགན་རང་གིས་ཁུར་དགོས་གལ། བོད་མིའི་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་གཞི་ལམ་འབྲས་གསུམ་གྱི་རིག་པའི་གཞུང་ལུགས་ལ་སྦྱར་ཏེ་མང་ཚོགས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་པ་གནང་འདུག
གཞན་ཡང་འདུ་འཛོམས་ཐོག་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་འགྲུབ་མཆོག་གི་འདས་མཆོད་སྨོན་ལམ་གསུང་འདོན་གནང་ཡོད་འདུག མཐར་བོད་རིགས་ཚོགས་པའི་ངོས་ནས་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ལ་གཞུང་འབྲེལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་བཅས། །