༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་ཡུ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ཡུ་རོབ་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡ ནས་ ༢ བར་ཨོ་སི་ཀྲི་རི་ཡའི་རྒྱལ་ས་ཝེ་ནཱ་ (Vienna) དང་། ལིན་ཚི་ (Linz) གྲོང་ཁྱེར་བཅས་གཉིས་ཀྱི་ནང་ས་གནས་བོད་རིགས་མང་ཚོགས་ཐུག་འཕྲད་ཀྱིས་ཨོ་སི་ཀྲོ་རི་ཡའི་ནང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད་འདུག
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཨོ་སི་ཀྲོ་རི་ཡའི་རྒྱལ་སྤྱིའི་གནམ་ཐང་ལ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ནས་སྣེ་ལེན་ཕེབས་བསུ་དང་། དེ་རྗེས་སུད་སི་སྐུ་ཚབ་དོན་གཅོད་ལས་བྱེད་ཆོས་བཟང་ལགས་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་སོགས་མཉམ་ཞུགས་ཐོག་ཕྱི་ཟླ་ ༢ ཚེས་ ༡ ནས་ ༢ ཉིན་བར་གྱི་ས་གནས་བོད་རིགས་མི་མང་རྣམས་ལ་གཏམ་བཤད་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུ་སྒོ་ཁག་ཞུས་འདུག
ཕྱི་ཟླ་ ༢ ཚེས་ ༡ ཉིན་ཝེ་ནཱ་དགེ་ལུགས་ཆོས་ཚོགས་པཎ་ཆེན་བློ་བཟང་ཆོས་རྒྱན་འདུ་ཁང་ནང་ས་གནས་བོད་རིགས་མི་མང་འདུ་འཛོམས་གནང་བ་དང་། ཐོག་མར་ཨོ་སི་ཀྲི་རི་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོས་ཚོགས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ་སྐོར་ངོ་སྤྲོད་གསལ་བཤད་གནང་རྗེས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། ༸རྒྱལ་བའི་བཀའ་དྲིན་དུས་རྟག་ཏུ་ཡིད་ལ་དྲན་དགོས་པ། སོ་སོ་བོད་མི་ཡིན་པ་མ་བརྗེད་པའི་སྒོ་ནས་རང་འཁྲིའི་ལས་འགན་རྣམས་གང་ཐུབ་བསྒྲུབ་དགོས་པའི་འབོད་སྐུལ་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་ངོ་སྤྲོད་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལམ་འབྲས་གསུམ་ལ་སྦྱར་ཏེ་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཡོད་པ་དང་། དེ་བཞིན་མང་ཚོགས་ཀྱི་དགོངས་ཚུལ་དང་། དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད་འདུག
ཕྱི་ཟླ་ ༢ ཚེས་ ༢ རེས་གཟའ་ཉི་མའི་ཉིན་ལིན་ཚི་ (Linz) གྲོང་སྡེ་ཁྱབ་ཁོངས་སུ་ཡོད་པའི་ཚོགས་ཁང་ཞིག་གི་ནང་ས་གནས་བོད་རིགས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཞིང་། དེ་ཡང་ཐོག་མར་ས་གནས་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་ལགས་ནས་མཛད་རིམ་དང་ས་གནས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ཨོ་སི་ཀྲི་རི་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ནས་སྤྱི་འཐུས་རྣམ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་མང་ཚོགས་ལ་སྙན་སྒྲོན་ཞུས་རྗེས། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། མགོན་པོ་གང་ཉིད་ཀྱི་དགོངས་གཞི་སྙིང་བཅངས་དང་། ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཐབས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་དང་ལས་འགན། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་བཅས་མང་ཚོགས་ལ་གསལ་བཤད་དང་ངོ་སྤྲོད་ཞིབ་ཚགས་གནང་རྗེས། ཚོགས་བཅར་བ་མི་མང་རྣམས་ཀྱི་དོགས་འདྲི་དང་། བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །