༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༥ ཉིན་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱི་ལམ་སྟོན་འོག་བོད་དོན་གོ་རྟོགས་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད། སྐབས་དེར་བོད་པའི་གཞོན་སྐྱེས་གྲངས་ ༣༣ མཉམ་ཞུགས་གནང་བ་རྣམས་ལ་བོད་དོན་དང་། ལོ་རྒྱུས། བོད་རྒྱ་རྩོད་རྙོག་སྐོར་གོ་རྟོགས་སྤེལ་ཡོད།
དེ་ཡང་ལས་རིམ་གྱི་ཐོག་མར་ཕ་རཱན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ནས་གློག་སྟོན་བརྙན་རིས་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། ལྷན་ཁང་ཁག་གི་ལས་འགན་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་བོད་མིའི་ངོ་བོ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་བྱེད་པར་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་ཤེས་རྟོགས་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་།
དེ་རྗེས་ཕྱི་དྲིལ་ལས་ཁུངས་ནས་དམིགས་བསལ་བཟོ་བསྐྲུན་ཞུས་པའི་དངོས་བྱུང་གློང་བརྙན་ (A Liberation That Never Was: 70 Years of Occupation & Repression in Tibet) ཞེས་པ་བསྟན་ཡོད་པའི་ནང་རྒྱ་ནག་གི་བཙན་བཟུང་འོག་བོད་མི་ཚོའི་དཀའ་ངལ་གསལ་པོ་གསལ་ཡོད་པ་དང་། དེས་མཉམ་ཞུགས་པ་རྣམས་ལ་སེམས་ཚོར་ཆེན་པོ་བྱུང་ཡོད་པ་མ་ཟད། ཁོང་ཚོས་བོད་དོན་ཆེད་ཞབས་འདེགས་སྒྲུབ་རྒྱུའི་སེམས་ཤུགས་གསར་པ་རྙེད་པའི་ཚོར་སྣང་བསྟན་ཡོད།
དེ་ནས་སྦར་སིལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་ཡོད། ལས་རིམ་དེའི་བརྒྱུད་མཉམ་ཞུགས་པ་རྣམས་ལ་རང་གི་རིག་གཞུང་དང་ཆབ་སྲིད་ཀྱི་འཐབ་རྩོད་སྐོར་ཤེས་རྟོགས་བྱུང་ཡོད་པ་མ་ཟད། མ་འོངས་པར་དེ་ལྟ་བུའི་ཟབ་སྦྱོང་གོ་སྒྲིག་གནང་རྒྱུའི་རེ་འདུན་བཏོན་ཡོད་པ་བཅས།།