༄༅། །ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཨ་རིའི་མངའ་སྡེ་ཝིས་ཀོན་སིན་ནང་གི་ཉིན་གྲངས་ ༦ རིང་གི་སྐོར་བསྐྱོད་འགྲེམས་སྟོན་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༥ ཉིན་ཨ་རིའི་མེ་ཌི་སན་མངའ་སྡེའི་ཝིས་ཀོན་སིན་ (University of Wisconsin) གཙུག་ལག་སློབ་གྲྭ་ཆེན་མོའི་སེམས་ཁམས་བདེ་ཐང་ཞིབ་འཇུག་ཁང་ (Centre for Healthy Minds) ནང་འགྲེམས་སྟོན་གནང་ཡོད་པ་དང་། སེམས་ཁམས་བདེ་ཐང་ཞིབ་འཇུག་ཁང་གི་དབུ་འཛིན་རི་ཆཌ་ཇེ་ཌེ་ཝིཌ་སོན་ (Dr. Richard J. Davidson) ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད།ཕྱི་ཚེས་ ༡༦ ནས་ ༡༩ བར་ཝིས་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་དར་རྒྱས་གླིང་ཚོགས་ཁང་ནང་འགྲེམས་སྟོན་གནང་ཡོད་པ་དང་། འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཌེན་ས་གནས་ཀྱི་རྫོང་དཔོན་ཟུར་པ་སྐུ་ཞབས་ཇོ་པཱ་རི་སི་ (Joe Parisi) ལགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དང་འབྲེལ་བའི་ཕྱི་ལུགས་སྨན་པ་དང་། མགོན་པོ་མཆོག་དང་ཧ་ཅང་ཐུགས་འདྲིས་ཆེ་བའི་མཛའ་བཤེས་སྨན་པ་ཛོར་བྷ་པཱས་ཏོར་ (Zorba Pastor) ལགས་རྣམ་གཉིས་ཕེབས་ཡོད་པ་རེད། སྨན་པ་ཛོར་བྷ་ལགས་ཀྱིས་ཉེ་ཆར་ཁོང་བཞུགས་སྒར་དུ་ཕེབས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གི་སྐུ་གཟུགས་ཧ་ཅང་བདེ་ཐང་དང་། ༸སྐུའི་ནུས་སྟོབས་ཡག་པོ་རྒྱས་འདུག་པའི་ཐོག་ཞབས་པུས་སྨན་བཅོས་ཡང་ཧ་ཅང་ལམ་ལྷོངས་བྱུང་ཡོད་པ་སོགས་ཀྱི་སྐོར་གསུང་ཡོད། ཝི་སི་ཀོན་སིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་མ་དང་། ས་གནས་བོད་མི་མང་པོ་ཞིག་ནས་འགྲེམས་སྟོན་གཟིགས་གནང་ཡོད་པ་རེད།
ཕྱི་ཚེས་ ༡༧ ཉིན་ཝིས་ཀོན་སོན་གཙུག་ལག་སློབ་གྲྭའི་ལྷོ་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་བོད་ཀྱི་རིག་གཞུང་འཛིན་གྲྭའི་སློབ་མ་ཚོར་ཐེངས་འདིའི་འགྲེམས་སྟོན་སྐོར་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། ཕྱི་ཚེས་ ༢༠ ཉིན་ཝིས་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་ (Memorial Union) དུ་འགྲེམས་སྟོན་གནང་ཡོད། དེ་བཞིན་ཕྱི་ཚེས་ ༢༠ ནས་ ༢༣ བར་ཨ་རིའི་ཅི་ཀ་གྷོ་མངའ་སྡེའི་ནང་མགྲེམས་སྟོན་གནང་རྒྱུ་ཡིན་པ་རེད།
ཕྱི་ལོ་ ༢༠༢༥ ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་བཞི་ཐུན་མོང་གིས་ཨ་རིའི་ཤར་ཕྱོགས་ཀྱི་ས་ཁུལ་ནིའུ་ཡོག་དང་། དབུས་ནུབ་ཀྱི་ས་ཁུལ་མི་ནི་སོ་ཊ། ཝི་སི་ཀོན་སིན། ཅི་ཀ་སྒོ་བཅས་བོད་མི་འདུས་སྡོད་མང་བའི་ས་ཁུལ་བཞིར་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ནས་ ༢༣ བར་བོད་དོན་སྐོར་བསྐྱོད་འགྲེམས་སྟོན་གནང་དང་གནང་བཞིན་པ་རེད། །