༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༧ ནས་ ༣༡ བར་ཉིན་གྲངས་ལྔའི་རིང་མཁས་དབང་དར་ཞབས་འཇམ་དཔལ་སྐལ་ལྡན་ལགས་དང་། ཁོང་གི་བུ་དར་ཞབས་འཇིགས་མེད་དབང་ཕྱུག་ལགས་རྣམ་གཉིས་བོད་ཀྱི་ཟློས་གར་ཚོགས་པར་གདན་ཞུས་ཀྱིས་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་རོལ་མོའི་བསྟན་བཅོས་དང་། མཁས་དབང་རང་ཉིད་ཀྱིས་བྲིས་པའི་རོལ་མོའི་བསྟན་བཅོས་དྲི་ཟའི་གླུ་དབྱངས་གཉིས་ཉིན་འཁྱོངས་སློབ་ཁྲིད་གནང་།
གཞི་རྩའི་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་ཕྱག་བྲིས་སྔ་ཕྱི་རིམ་པ་འབུལ་བཞེས་ཀྱིས་ཕྱི་ཟླ་དགུ་པའི་ནང་གདན་ཞུ་གནང་འཆར་ཡོད་ཀྱང་། ན་ཚོད་བབ་ཀྱི་སྐུ་གཟུགས་འཕྲོད་བཞེས་མི་བདེ་བའི་དབང་གིས་ཆེད་ཕེབས་གནང་མི་ཐུབ་པར་སོང་། ཕྱི་ཟླ་ ༡༢ པའི་ནང་ཞུ་བསྐུལ་སྐྱབས་འཇུག་བསྐྱར་ཞུས་ཀྱིས་ད་ལན་ཆེད་ཕེབས་གནང་ཐུབ་པ་བྱུང་ཡོད།
ད་ལན་བོད་ཀྱི་རོལ་མོའི་བསྟན་བཅོས་ཟབ་སྦྱོང་ནང་དགེ་རྒན་དང་སློབ་ཕྲུག་གཙོས་པའི་མི་གྲངས་ལྔ་བཅུ་ལྷག་ལ་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༣།༠༠ བར་ས་སྐྱ་པཎྜི་ཏའི་མཛད་པའི་རོལ་མོའི་བསྟན་བཅོས་ཀྱི་དབྱངས་ཀྱི་ལེའུ་དང་ཚིག་གི་ལེའུ། སྦྱོར་བ་གཏན་ལ་དབབ་པའི་ལེའུ་གསུམ་འཆད་ཁྲིད་ལེགས་པར་གནང་བ་དང་། དེ་དང་ལྷན་མཁས་དབང་རང་ཉིད་ཀྱིས་བྲིས་པའི་རོལ་མོའི་བསྟན་བཅོས་དྲི་ཟའི་གླུ་དབྱངས་སློབ་ཁྲིད་བྱུང་བ་བཞིན། དགེ་རྒན་དང་སློབ་ཕྲུག་ཀུན་གྱིས་ཐུགས་སྣང་ཆེན་པོས་རོལ་དབྱངས་རིག་པའི་གཞུང་ལུགས་དང་དཀྲོལ་གཏོང་བྱེད་ཕྱོགས་སོགས་དང་འབྲེལ་བའི་དོགས་གནད་ཁག་ལ་ལན་འདེབས་རྒྱས་པར་གནང་སོང་།བོད་ཀྱི་ཟློས་གར་ཚོགས་པར་རོལ་མོའི་བསྟན་བཅོས་སློབ་ཁྲིད་བྱུང་བ་ནི་འདས་པའི་མི་ལོ་དྲུག་ཅུའི་ནང་ཐེངས་དང་པོར་གྱུར་ཡོད་པ་དང་། མཁས་དབང་ནས་ཀྱང་མི་ལོ་ལྔ་བཅུ་ལྷག་གི་རིང་བོད་ཀྱི་རོལ་མོའི་བསྟན་བཅོས་ཐོག་ཞིབ་འཇུག་ཞིབ་གནད་བགྱིས་ཏེ་འཐུས་སྒོ་མ་ཚང་བའི་རིགས་ཁ་སྣོན་གནང་ཡོད། དེ་བཞིན་ནུབ་ཕྱོགས་དང་རྒྱ་གར་གྱི་རོལ་དབྱངས་རིག་པའི་གཞུང་ལུགས་ཁག་ལ་ཞིབ་བསྡུར་ལེགས་པར་གནང་སྟེ། བོད་ཀྱི་རོལ་མོའི་གཞུང་ལུགས་ཀྱི་དབྱངས་རྟ་དང་དཀྲོལ་གཏོང་རིག་པ་སོགས་ཞིབ་འཇུག་མཐིལ་ཕྱིན་གནང་ནས་ཁོང་རང་ཉིད་ནས་རོལ་མོའི་བསྟན་བཅོས་དྲི་ཟའི་གླུ་དབྱངས་གསར་རྩོམ་གནང་ནས་བོད་ཀྱི་རོལ་མོའི་གཞུང་ལུགས་ལ་སློབ་སྦྱོང་གནང་མཁན་ཚོར་མིག་སྨན་མིག་ཐོག་ཡོང་རྒྱུར་དམིགས་ཡོད་པར་སོང་། ད་ལན་གྱི་ཟབ་སྦྱོང་འདི་བརྒྱུད་སླད་མར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ཀྱི་བོད་ཀྱི་རོལ་དབྱངས་རིག་པའི་གཞུང་ལུགས་དང་ལག་ལེན་ཟུང་སྦྲེལ་བགྱིས་ཏེ་སྤྱི་ཚོགས་ལ་སྨན་པའི་བྱ་བ་མཛད་རྒྱུར་ཕན་ཐོགས་རླབས་ཆེན་བྱུང་ཡོད། །