༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་དཔལ་ལྡན་བཀའ་བློན་ཁྲི་ཟུར་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་རྒྱ་གར་བྱང་ཤར་ཀ་སྦུག་སྟག་འཚེར་གཟིམས་ཤག་ཏུ་དགུང་གྲངས་ ༩༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བལ་ཡུལ་དུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༡ ཉིན་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཀཋ་མན་གྲུ་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཁག་བཞིའི་ཁྱབ་ཁོངས་ཀྱིས་སེར་སྐྱ་མི་མང་མཉམ་འཛོམས་ཀྱི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འདབས་ཀྱི་མཆོད་འཇོར་བོད་མིའི་ཚོགས་ཁང་གི་མདུན་ཐང་དུ་བོད་བསྟན་པ་ཆབ་སྲིད་དང་བཅས་པར་བྱས་རྗེས་ཅན་གྱི་དམ་པ་ཁོང་ལ་མྱ་ངན་རྗེས་དྲན་དང་། རྗེས་བཞུགས་ནང་མི་སོགས་ཡབ་གཞིས་སྐུ་འཁོར་ཡོངས་ལ་ཐུགས་གསོ་དང་བཅས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གནང་བ་དང་།
སྐབས་དེར་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ཀྱི་གཙོས་བལ་དོན་དྲུང་ཆེ་དང་། ས་གནས་འགོ་འཛིན་ཁག་སོགས་གཞུང་འབྲེལ་སྡེ་ཚན་ཡོད་དོ་ཅོག་གི་ལས་བྱེད་ཡོངས་རྫོགས་དང་། བོད་མི་མང་སྤྱི་ཟུར་རྣམས་པའི་གཙོས་ས་གནས་འཐུས་ཚོགས་ཁག་དང་། རང་བདེན་ཚོགས་གཙོ་ཁག དེ་བཞིན་བལ་ཡུལ་གངས་ཅན་བདེ་རྩའི་ལས་བྱེད་ཡོངས་དང་སློབ་གྲྭ་ཁག་གི་སློབ་སྤྱི་སོགས་དགེ་ཆེ་རྣམས་པ། ས་གནས་བོད་ཀྱི་གཞོན་ནུ་དང་། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པ། བལ་ཡུལ་ནང་གི་རིས་མེད་དགོན་སྡེ་ཁག་ཚང་མ་ནས་དགེ་བཤེས་དང་མཁན་པོ། སློབ་དཔོན་སོགས་དགེ་འདུན་བཙུན་མ་གྲངས་ ༡༠ རེ་དང་། གཞན་ཡང་ཆོལ་ཁ་གསུམ་གྱི་ཚོགས་སྐྱིད་ཁག་གི་བོད་མི་བསམ་ཡོད་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༨༠༠ ལྷག་ཙམ་མཉམ་འཛོམས་ཀྱི་མཆོད་འབུལ་ཞུ་པར་སྐབས་དེར་བལ་ཡུལ་སྐུ་ཚབ་དོན་གཅོད་ནས་དཔལ་ལྡན་བཀའ་བློན་ཁྲི་ཟུར་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་དམ་པ་གང་གིས་སྙིང་སྟོབས་ལྡན་པས་སྒོ་ནས་བོད་བསྟན་པ་ཆབ་སྲིད་ལ་དགོངས་ཏེ་བྱ་བ་ཞི་དྲག་གང་གི་སྒོ་ནས་ཀྱང་སྐུ་ལས་ཧ་ལས་པ་བསྐྱོན་པ་རྣམས་ཚང་མས་དགོངས་པས་མངའ་གསལ་བཞིན་དྲིན་ཅན་གྱི་དྲིན་འཚོར་བའི་ངང་ནས་སླར་ཡང་དམ་པ་གང་ཉིད་གངས་ཅན་བོད་མིའི་རིགས་སུ་འཁྲུངས་པའི་བསྔོ་སྨོན་གང་ཟབ་ཞུ་དགོས་པ་སོགས་གང་གི་སྐུ་ཚེའི་ལོ་རྒྱུས་གསུང་བཤད་གནང་།
དེ་ནས་ཚང་མས་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་གནང་ཤིང་། དེ་རྗེས་ཉིན་རྒྱབ་དམ་པ་ཁོང་ལ་མྱ་ངན་གུས་འདུད་སོགས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཉིན་རྒྱབ་ཆུ་ཚོད་ ༢ ནས་ས་གནས་བོད་མིའི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་བཅས། །