༄༅། །ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་བྱང་ཨ་རིའི་མངའ་སྡེ་བཞིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་པར་རིས་འགྲེམས་སྟོན་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།
ཐེངས་འདིའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་འདི་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ཉིན་ནིའུ་ཡོག་ནས་འགོ་འཛུགས་ཀྱིས་མི་ནི་སོ་ཌ། ཝིས་ཀོན་སིན། ཤཱི་ཁ་གྷོ་བཅས་ཁྱོན་གྲོང་ཁྱེར་བཞིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། མཐོ་སློབ། གཙུག་ལག་སློབ་གཉེར་ཁང་། སྒྱུ་རྩལ་བསྟི་གནང་ཁང་། སེམས་ཁམས་བདེ་ཐང་ཞིབ་འཇུག་ཁང་སོགས་ཚོགས་གནས་འདྲ་མིན་ ༡༢ ནང་གནང་ཡོད་པ་དང་། ས་གནས་དེ་དག་གི་བོད་མི་དང་། ཕྱི་རྒྱལ་བ་མང་དག་ཅིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གནང་ཡོད།
འགྲེམས་སྟོན་མཐའ་མ་དེ་ཤཱི་ཁ་གྷོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་གནང་ཡོད་པ་དང། འགྲེམས་སྟོན་དབུ་འབྱེད་ (Northwestern) གཙུག་ལག་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པ་དང་། དབང་རྩིའི་ཚན་རིག་སློབ་དཔོན་ཀེན་པེ་ལར (Ken Paller) ལགས་ཀྱིས་གནང་ཡོད་པ་དང་། ཉིན་གསུམ་པའི་སྐུ་མགྲོན་དུ་གྲོང་སྡེའི་སྤྱི་ཁྱབ་ཇོར་ཇ་(George Van Dusen) ལགས་ཕེབས་ཡོད།
ཕྱི་ལོ་ ༢༠༢༥ ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་བཞི་ཐུན་མོང་གིས་ཨ་རིའི་ཤར་ཕྱོགས་ཀྱི་ས་ཁུལ་ནིའུ་ཡོག་དང་། དབུས་ནུབ་ཀྱི་ས་ཁུལ་མི་ནི་སོ་ཊ། ཝི་སི་ཀོན་སིན། ཤཱི་ཁ་གྷོ་བཅས་བོད་མི་འདུས་སྡོད་མང་བའི་ས་ཁུལ་བཞིར་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ནས་ ༢༤ བར་བོད་དོན་སྐོར་བསྐྱོད་འགྲེམས་སྟོན་གནང་ཡོད་པ་རེད། །