༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦེལ་ཀོབ་ལུགས་བསམ་དང་། བདེ་སླར་གཉིས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་དང་འབྲེལ་སྦེལ་ཀོབ་ནང་གི་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་རེ་ཞིག་ལེགས་པར་གྲུབ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་ས་གནས་མང་ཚོགས་ལ་གསུང་བཤད་དུ་གཙོ་བོར་བཀའ་ཤག་སྐབས་ ༡༦ པའི་ལས་གཞི་གཙོ་གནད་ཁག་གི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་རྒྱབ་སྐྱོར་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་བཞིན་འཛམ་གླིང་ནང་གི་སྐྱབས་བཅོལ་བའི་སྤྱི་ཚོགས་འདྲ་འདྲའི་ནང་ནས་མ་འདྲ་བ་ཚོགས་ཡོད་སྐོར་དྲན་བསྐུལ་དང་སྦྲགས། མང་ཚོགས་ནས་རང་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་གནང་བའི་ཐོག་བོད་དོན་འཐབ་རྩོད་ལ་མདུན་སྐྱོད་དགོས་པའི་ཞབས་སྐུལ་གནང་ཡོད།
བོད་དོན་འཐབ་རྩོད་ཀྱི་ལས་དོན་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་སླད་བཀའ་ཤག་སྐབས་ ༡༦ ནས་བོད་དོན་ཞུ་གཏུག་གི་ཐབས་བྱུས་ལ་འགྱུར་བ་བཏང་བ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཐབས་འཚོལ་གནང་བཞིན་ཡོད་སྐོར་གསུང་སྟེ། མང་ཚོགས་ནས་རང་མི་རིགས་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཤེས་པའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་འབྲེལ་ཞུ་སྐུལ་གྱིས་དབུ་འོག་དཔུང་འདེགས་དགོས་པའི་ལམ་སྟོན་གནང་འདུག
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་དྲ་ལམ་གྱི་དུས་སྐབས་འདིར་བོད་མི་མང་ཚོགས་ནས་གཞན་ཟེར་གཡམ་རྒྱུགས་སུ་མི་འགྲོ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནན་སྐུལ་ཡང་གནང་ཡོད་པ་རེད། །