༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧོན་སུར་རབ་རྒྱས་གླིང་མི་མང་ཚོགས་ཁང་དུ་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་ཡོད། སྐབས་དེར་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་མཉམ་འབྲེལ་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། མི་མང་བཅས་ཕེབས་ཡོད།
དེ་ཡང་ཐོག་མར་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་གལ་གནད་སྐོར་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་གཉིས་ཏེ་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་ཐབས་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་ལ་བཀའ་དྲིན་རྗེས་དྲན་དང་སྦྲགས། བཙན་བྱོལ་བོད་མི་རྣམས་ནས་གནས་ཡུལ་གཞུང་གི་ཁྲིམས་ལ་བརྩི་སྲུང་དང་། ཡུལ་མི་རྣམས་དང་མཐུན་ལམ་དམ་ཟབ་དགོས་གལ་སྐོར་གསུངས་པ་མ་ཟད། བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་ཞུ་གཏུག་ལས་འགུལ་ཁྲོད་བོད་པའི་གཞོན་སྐྱེས་ཚོའི་མཉམ་ཞུགས་ལ་བསྔགས་བརྗོད་གནང་བ་དང་། ལྷག་པར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ལྟ་བུའི་ལས་གཞིའི་བརྒྱུད་སྐད་རིགས་འདྲ་མིན་ཤེས་མཁན་གྱི་གཞོན་སྐྱེས་རྣམས་ནས་ཞུ་གཏུག་དང་། གོ་རྟོགས་ལས་འགུལ་སོགས་མཉམ་ཞུགས་ཤུགས་ཆེར་ཕྱིན་ཡོད་པར་བསྔགས་བརྗོད་དང་། དེ་བཞིན་གཞོན་སྐྱེས་ཚོར་རང་གི་ནུས་ཤུགས་དང་ཤེས་རྩལ་བེད་སྤྱོད་གནང་སྟེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་གོ་རྟོགས་གོང་མཐོར་གཏོང་བའི་ལས་དོན་མུ་མཐུད་གནང་དགོས་པའི་སྐུལ་མ་གནང་།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དང་འབྲེལ་བའི་མཁས་པའི་ཞིབ་འཇུག་གི་གལ་གནད་ཇེ་ཆེར་འགྲོ་བཞིན་པ་གསལ་སྟོན་གནང་སྐབས་མ་ཧི་ཀལ་ཝན་ཝལཊ་ཝན་པ་རག་ (Michael van Walt van praag) ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། རྒྱ་ནག་གི་གཙུག་ལག་སློབ་དཔོན་ལའོ་ལགས་ཀྱིས་བརྩམས་པའི་ཕྱག་དེབ་བཅས་ངོ་སྤྲོད་གནང་ཡོད་པ་མ་ཟད། བོད་མི་ཚོས་བོད་ཀྱི་ལོ་རྒྱུས་དང་། ཁྲིམས་དོན་གནས་བབ་སྐོར་གོ་རྟོགས་ཆེ་རུ་གཏོང་ཆེད་དཔེ་དེབ་དེ་དག་ཀློག་དགོས་གལ་སྐོར་གསུངས།
མཐར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཟླ་བ་བསྟན་འཛིན་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་བ་བཅས།།