༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆོས་སྡེ་ཁག་གི་དབུ་ཁྲིད། བཀའ་ཟུར་རྗེ་བཙུན་པདྨ་མཆོག་བཅས་ཕེབས་ཞུགས་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་ཁུངས་ཁག་ཏུ་གཟིགས་སྐོར་ཕེབས་སྐབས་ཧོན་སུར་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས་དང་། ས་གནས་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས་ཡོད།
དེ་ཡང་ཐོག་མར་ཧོན་སུར་ས་གནས་འགོ་འཛིན་ལས་ཁུངས་དང་། བོད་མིའི་སོ་ནམ་མཉམ་འབྲེལ་ཚོགས་པ་བཅས་སུ་འཚམས་གཟིགས་ཕེབས་ཏེ་མཉམ་འབྲེལ་ཚོགས་པའི་འགན་འཛིན་དང་ལས་བྱེད་ལྷན་ལས་གཞི་འགྲོ་བཞིན་པའི་སྐོར་གྲོས་བསྡུར་གནང་།དེ་ནས་སཾ་བྷོ་ཊ་སྔོན་འགྲོ་སློབ་གྲྭ་དང་། གུ་རུ་པུ་ར་འོ་མ་མཉམ་འབྲེལ། རྒས་གསོ་ཁང་། ཨོ་རྒྱན་གླིང་དགོན་པ། ཕན་བདེ་སྨན་ཁང་། ཡན་ལག་སྨན་རྩིས་ཁང་། རྫོང་དཀར་ཆོས་སྡེ་དགོན་པ་བཅས་སུ་རིམ་བཞིན་འཚམས་གཟིགས་གནང་གྲུབ་རྗེས་སཾ་བྷོ་ཊ་བོད་སློབ་ཏུ་གཟིགས་སྐོར་དང་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག ནང་ཆོས། རིག་གཞུང་དང་འབྲེལ་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གསུང་སྐབས་རྒྱ་གར་དང་བོད་དབར་དགེ་སློབ་ཀྱི་འབྲེལ་བའི་སྐོར་འགྲེལ་བརྗོད་གནང་བ་དང་། དེ་བཞིན་རྒྱ་གར་གྱི་ཡུལ་ཁྲིམས་འཁུར་དགོས་གལ་དང་། ཡུལ་མི་དང་མཐུན་པོ་དགོས་གལ་སྐོར་ཡང་ནན་བརྗོད་གནང་ཡོད།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་དབུ་ཁྲིད་ལམ་སྟོན་འོག་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཚགས་ཚུད་བྱུང་ཡོད་པ་དང་། མི་རབས་རྒན་པ་ཚོས་སྐུ་ལས་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སྲ་བརྟན་བྱུང་ཡོད་པ་གསལ་སྟོན་དང་བསྔགས་བརྗོད་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་རྒྱ་ཆེ་བྱེད་པ་དང་། ཚུ་མཛོད་ལས་གཞི་སོགས་འཛུགས་སྐྲུན་ལས་གཞི་ཆེན་པོ་སྤེལ་བ་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པའི་སྐོར་གསུངས་པ་དང་འབྲེལ་ལས་གཞི་འདི་དག་གིས་བོད་ཀྱི་ཁོར་ཡུག་སྐྱོ་པོར་གྱུར་པ་མ་ཟད། བོད་ཀྱི་ཆུ་ཡི་ཐོན་ཁུངས་ལ་བརྟེན་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་ཅེས་དང་། དེ་བཞིན་ཉེ་ཆར་བོད་ནང་བྱུང་བའི་ས་ཡོམ་དང་གཏོར་སྐྱོན་ཚབས་ཆེན་བྱུང་བ་ནི་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་བས་རྐྱེན་པས་བྱུང་བ་ཡིན། ཞེས་གསུངས།གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་དབར་མཐུན་སྒྲིལ་དང་། ཐུན་མོང་གི་འགན་འཁུར་གལ་ཆེན་པོ་ཡིན་པའི་འབོད་སྐུལ་དང་། བོད་མི་ཚོར་བོད་ཀྱི་ངོ་བོ་དང་། སྐད་ཡིག ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་དང་། ལྷག་པར་དུ་མི་རབས་གཞོན་པ་རྣམས་ཀྱིས་རང་གི་རིག་གཞུང་ལ་སྤོབས་པ་བྱེད་དགོས་པ་དང་། བོད་དོན་འཐབ་རྩོད་ལ་བྱ་བ་ཧུར་ཐག་བྱེད་དགོས་པའི་སྐུལ་མ་གནང་།
མཐར་དྲི་བ་དྲིས་ལན་གྱི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་འགན་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།།