༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་གྲུབ་བྱུང་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྣེ་ལེན་ཞུ་ཆེད་ཧོན་སུར་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད།
ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༥ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལུགས་བསམ་མི་མང་མཉམ་འབྲེལ་ཚོགས་ཁང་དུ་སྦེལ་ཀོབ་སཾ་བྷོ་ཊ་བོད་སློབ་དང་། སཾ་བྷོ་ཊ་སི་ཝི་པི་ཉིན་སློབ། བོད་ཁྱིམ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ་རྣམ་པ། བོད་མིའི་མཉམ་འབྲེལ་ཚོགས་པའི་སྐུ་ཚབ། སློབ་གྲྭའི་འགན་འཛིན་དང་སློབ་སྤྱི། གཞིས་གྲོང་ཁག་གི་སྤྱི་མི་བཅས་ཕེབས་ཡོད།
དེ་ཡང་ཐོག་མར་ལུགས་ཟུང་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་འཇམ་དཔལ་བསོད་ནམས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་སྦེལ་ཀོབ་ཏུ་འཚམས་གཟིགས་ཐེངས་གཉིས་པའི་སྐོར་ངོ་སྤྲོད་སྙིང་བསྡུས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་ཆགས་ཀྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་བའི་མཛད་རིམ་ཁག་གསལ་བཤད་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བོད་ནི་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་གིས་བོད་ས་ཡོངས་རྫོགས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཁུངས་མེད་ཀྱི་ཤོད་ཚུལ་དེ་དག་ནི་རྫུན་གཏམ་ཡིན་པ་དང་། ལོ་རྒྱུས་ཡིག་ཆ་ཁག་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་གསལ་པོར་ར་སྤྲོད་བྱེད་ཐུབ། ཅེས་བསྐྱར་ནན་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛམ་གླིང་ཐོག་བོད་མཐོ་སྒང་གི་གལ་གནད་སྐོར་གསུང་སྐབས་ཨེ་ཤི་ཡའི་ཁོར་ཡུག་བདེ་འཇགས་དང་འཐུང་ཆུའི་ཐོན་ཁུངས་ཐད་བོད་མཐོ་སྒང་གི་གནད་འགག་ཆེ་བའི་བྱེད་སྒོའི་སྐོར་ནན་བརྗོད་གནང་བ་དང་། རྒྱ་གར་གྱི་བདེ་འཇགས་ཆེད་བོད་ཀྱི་ས་བབ་ཆབ་སྲིད་སྐོར་ཤེས་རྟོགས་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་པ་གསུངས། གཞན་ཡང་བོད་ཡིག་ནི་ནང་ཆོས་ནང་སྐད་ཡིག་གལ་ཆེ་ཤོས་ཤིག་ཡིན་པ་དང་། སྐད་ཡིག་རྙིང་ཤོས་བཅོ་ལྔའི་གྲས་སུ་ངོས་འཛིན་གནང་ཡོད་པའི་སྐོར་གསུངས།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་ཁྱེད་ཚོ་ནི་བོད་ཀྱི་མ་འོངས་པའི་རེ་བ་མཚོན་གྱི་ཡོད་ལ་ང་ཚོའི་བདེན་དོན་འཐབ་རྩོད་ཀྱི་འགན་འཁྲི་ཁྱེད་ཚོར་ཡོད་ཅེས་གསུངས་ཏེ་སློབ་སྦྱོང་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་རྩིས་ཞིབ་ལས་ཁང་དང་། ཡན་ལག་སྨན་རྩིས་ཁང་། ནཱ་ལེནྡྲ་བཀའ་བརྒྱུད་དགོན་པ། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁུངས། བདེ་སྐྱིད་སླར་གསོའི་བོད་མིའི་མཉམ་འབྲེལ། བདེ་སླར་ས་གནས་རང་བདེན་ཚོགས་ཆུང་། བདེ་སླར་འོ་མའི་ཐོན་སྐྱེད་མཉམ་འབྲེལ་ཚོགས་པ། རྩེད་རིགས་ཚོགས་པའི་རྐང་རྩེད་སྤོ་ལོའི་རྩེད་ཐང་སོགས་གཞིས་ཆགས་ལས་ཁུངས་དང་སྒྲིག་འཛུགས་གལ་ཆེན་ཁག་ལ་གཟིགས་སྐོར་གནང་ཡོད།
ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་གྲུབ་རྗེས་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྣེ་ལེན་ཞུ་ཆེད་ཧོན་སུར་རབ་རྒྱས་གླིང་དུ་ཕེབས་ཐོན་གནང་ཡོད།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱུད་སྨད་གྲྭ་ཚང་གི་འདུ་ཁང་དུ་རྒྱུད་སྨད་གྲྭ་ཚང་ནས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་། དེ་རྗེས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་བོད་མི་མང་ཚོགས་དང་མཇལ་འཕྲད་དང་། སྒྲིག་འཛུགས་གལ་ཆེན་ཁག་ཏུ་གཟིགས་སྐོར་གནང་རྒྱུ་ཡིན་པ་བཅས།།