༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་བ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༣ སྟེ་ཉིན་གཉིས་པའི་སྐབས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭ། སྨན་ཁང་བཅས་སུ་གཟིགས་སྐོར་ཕེབས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཐོག་མར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་། རྣམ་གྲོལ་གླིང་གི་བཙུན་དགོན་དུ་ཕེབས་འབྱོར་སྐབས་རྣམ་གྲོལ་གླིང་གི་ཕྱག་མཛོད་སྤྲུལ་སྐུ་ཆོས་དར་ལགས་དང་། དགོན་སྡེའི་སྐུ་ཚབ་ནས་ཕེབས་བསུ་ཞུས་ཡོད། དགོན་སྡེ་ཁག་ཏུ་གཟིགས་སྐོར་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་སཾ་བྷོ་ཊ་ཨར་ལི་ཀུ་མ་རི་སློབ་གྲྭར་གཟིགས་སྐོར་གནང་ཡོད། སྐབས་དེར་སློབ་གྲྭའི་དགེ་ཆེ་ཤེས་རབ་དབང་མོ་ལགས་གཙོས་པའི་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛིན་ཁང་དང་། བྱིས་གསོ་ཁང་བཅས་སུ་གཟིགས་སྐོར་གནང་རྗེས་ས་གནས་འགོ་འཛིན་དང་ལྷན་དུ་སློབ་གྲྭའི་མཐུན་རྐྱེན་དང་མ་འོངས་པའི་མདུན་ལམ་སྐོར་གྲོས་བསྡུར་གནང་ཡོད།དེ་ནས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཕེབས་སྐབས་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས་དང་ལས་བྱེད་རྣམ་པས་ཕེབས་བསུ་ཞུས། དེ་བཞིན་འཚོ་བྱེད་ཁང་གསར་སྨན་ཁང་ལ་གཟིགས་སྐོར་གནང་སྐབས་སྨན་ཁང་གི་འགན་འཛིན་གྱིས་སོ་བཅོས་ཁང་དང་། སེམས་ཁམས་སྨན་བཅོས་ཁང་། ལུས་རྩལ་སྨན་བཅོས་ཁང་བཅས་ཀྱི་མཐུན་རྐྱེན་དང་སྨན་ཁང་གི་ལས་བྱེད་རྣམས་ངོ་སྤྲོད་ཞུས་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྨན་བཅོས་བྱེད་བཞིན་པའི་ནད་པ་རྣམས་དང་ཐུག་འཕྲད་གནང་།
ཕྱི་དྲོར་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་གཉིས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞིག་གོ་སྒྲིག་ཞུས་ཡོད། སྐབས་དེར་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་བྷན་དི་སན་ཇེ་ཀུ་མར་ (Shri Bandi Sanjay Kumar) མཆོག་སྐུ་མགྲོན་དུ་ཕེབས་ཡོད། གཞན་ཡང་མཛད་སྒོའི་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས། དགོན་སྡེ་ཁག་གི་སྐུ་ཚབ་ལས་སྣེ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་དང་མཉམ་འབྲེལ་གྱི་ཚོགས་གཙོ། སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། གཞིས་གྲོང་ཁག་གི་བརྒྱ་དཔོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཕེབས་ཡོད།མཛད་སྒོའི་མཐར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་བྷན་དི་སན་ཇེ་ཀུ་མར་མཆོག་ལ་དམིགས་བསལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག བཙན་བྱོལ་ནང་གི་བོད་མིའི་སྤྱི་ཚོགས་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་དང་མཐུན་སྒྲིལ་གོང་འཕེལ་གཏོང་བར་རིག་གཞུང་གི་མཛད་སྒོ་འདི་རིགས་གལ་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་། དེ་བཞིན་འཁྲབ་སྟོན་པ་རྣམས་དང་། གོ་སྒྲིག་པ། ཚོགས་བཅར་བ་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གི་ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་སྐབས་ནང་སྲིད་ལས་ཁུངས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་འབྲེལ་ཡོད་འགན་འཛིན་བསྟན་འཛིན་ཀུན་བཟང་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།