༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་དབུ་འཛུགས་གནང་བ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༡ ཉིན་སྦེང་ལོར་གནམ་ཐང་ཕེབས་འབྱོར་སྐབས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་མང་ཚོགས་འབྲེལ་མཐུད་པ་ཀུན་དགའ་ཡེ་ཤེས་ལགས་ནས་སྣེ་ལེན་ཕེབས་བསུ་ཞུས་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་བདེ་སྐྱིད་སླར་གསོ་དང་། ལུགས་ཟུང་བསམ་གྲུབ་གླིང་གཉིས་ཀྱི་ས་གནས་འགོ་འཛིན་དང་། དགོན་སྡེ་ཁག་གི་སྐུ་ཚབ་གཙོས་པའི་མང་ཚོགས་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད། ཕྱི་ཟླ་ ༠༢ ཚེས་ ༡༢ ཉིན་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་འདུས་སྤྱི་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཞུགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། དེ་བཞིན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ལུགས་ཟུངབསམ་གྲུབ་གླིང་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས། ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ནོར་བུ་ཚེ་རིང་ལགས། ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་བཅས་ལྷན་ཞུགས་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་སེ་ར་སྨད་གྲྭ་ཚང་དང་། དེ་རྗེས་སེ་ར་བྱེས་གྲྭ་ཚང་དུ་གཟིགས་སྐོར་གནང་སྐབས་མཁན་པོ་རྣམ་པའི་དབུ་ཁྲིད་པའི་འཛིན་སྐྱོང་དང་། དགེ་འདུན་པ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་སྐབས། ཕྱི་ལོ་ ༢༠༢༥ ལོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་སྐོར་ནན་བརྗོད་དང་འབྲེལ་གསུང་དོན། འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་སྟབས་བོད་མི་ཡོངས་ལ་གལ་གནད་ཆེ་བའི་ལོ་ཞིག་ཡིན། བོད་མི་ཡོངས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་འདི་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་དང་། འཚེ་མེད་ཞི་བ། བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཆེད་སྐུ་ཚེ་ཧྲིལ་པོ་སྐུ་ངལ་བསྐྱོན་པར་བསྐྱར་དྲན་བྱེད་པའི་གོ་སྐབས་ཤིག་ཡིན་ཞེས་ནན་བརྗོད་གནང་།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དང་། མི་མང་གིས་བོད་མི་ཚོར་བཙན་བྱོལ་ནང་བོད་ཀྱི་ཐུན་མིན་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སླད་རོགས་རམ་དང་རྒྱབ་སྐྱོར་གནང་བར་ངོས་འཛིན་ཞུས་པ་དང་སྦྲགས། བོད་མི་ཚོས་ས་གནས་ཡུལ་མི་དང་མཉམ་དུ་འབྲེལ་ལམ་བཟང་པོ་འཛུགས་རྒྱུའི་གལ་གནད་ཐོག་གསལ་འདོན་གནང་། གཞན་ཡང་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་སྐོར་གསུང་སྐབས་རང་བཙན་དང་དབུ་མའི་ལངས་ཕྱོགས་ཐད་ཆབ་སྲིད་ཀྱི་བསམ་ཚུལ་མི་འདྲ་བ་ཡོད་ནའང་། མཐར་ཐུག་གི་དམིགས་ཡུལ་ནི་བོད་རང་དབང་འཐབ་རྩོད་ཀྱི་རྨང་གཞི་བརྟན་པོ་བཟོ་རྒྱུ་དེ་ཡིན། ཞེས་ནན་བརྗོད་གནང་བ་མ་ཟད་བོད་སྤྱི་པའི་རྩ་དོན་ཆེད་དུ་ཞབས་འདེགས་བསྒྲུབ་དགོས་པའི་སྐུལ་མ་གནང་།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་ཕྱག་ཁྱེར་བཞེས་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ངོ་སྤྲོད་གནང་བ་དང་། ཁོང་གིས་བོད་ཀྱི་ཤེས་ཡོན་དང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་ཤེས་ཡོན་སྲིད་བྱུས་བརྒྱུད་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་བར་བསྔགས་བརྗོད་གནང་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་ལོག་འགྲེལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པ་སོགས་ཀྱི་སྐོར་གསལ་སྟོན་གནང་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་། རིག་གཞུང་སྲུང་སྐྱོབ་ལས་གཞི་རྒྱུན་སྐྱོང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་བཅས་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་གལ་ཆེན་སྐོར་ལའང་གསུང་བཤད་གནང་གྲུབ་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། །