༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༠ ནས་ ༢༣ བར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོའི་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་རེ་ཞིག་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༢༠ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བདེ་སླར་ཁྱབ་ཁོངས་ཅོ་ཀུར་གཞིས་གྲོང་བཅོ་ལྔ་དང་། བཅུ་དྲུག་གཉིས་ལ་འཚམས་གཟིགས་དང་། སཾ་བྷོ་ཊ་བོད་སློབ་ཏུ་གཟིགས་སྐོར་དང་ལས་བྱེད་རྣམས་དང་ཐུག་འཕྲད། དེ་བཞིན་མང་ཚོགས་ལ་གསུང་བཤད་གནང་བའི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་དབུ་མའི་ལམ་ནས་སེལ་རྒྱུའི་བོད་མིའི་ཆོད་སེམས་དང་། བོད་ནང་གི་དམ་བསྒྲགས་ཇེ་ཆེར་འགྲོ་བཞིན་པ།རྒྱ་གར་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར་གནང་བཞིན་པ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད།དེ་བཞིན་ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབྲི་གུང་བཀའ་བརྒྱུད་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་དགོན་པར་མཆོད་མཇལ་དང་། བདེ་སླར་ཁྱབ་ཁོངས་གཞིས་གྲོང་བཅུ་པ་དང་། བཅུ་གཅིག བཅུ་གཉིས། བརྒྱད་པ། དགུ་པ། ལྔ་པ། དྲུག་པ། བདུན་པ། བཞི་པ་བཅས་སོ་སོར་འཚམས་གཟིགས་དང་འབྲེལ་ས་གནས་མང་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་དང་བདེ་སྡུག་ཁག་ལ་གསན་བཞེས་གནང་འདུག ཕྱོགས་མཚུངས་ཉིན་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བདེ་སླར་གཞིས་གྲོང་བཅུ་པའི་སྤྱི་ཁང་བསྐྱར་གསོ་ལེགས་གྲུབ་ཟིན་པར་དབུ་འབྱེད་གནང་ཡོད།
གཞན་ཡང་ཕྱི་ཚེས་ ༢༢ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་པར་མཆོད་མཇལ་དང་། ཀ་རུ་ན་ཕན་བདེ་དགའ་ཚལ་གླིང་དུ་འཚམས་གཟིགས། དེ་བཞིན་བདེ་སྐྱིད་སླར་གསོའི་གཞིས་གྲོང་དང་པོ་དང་། གཉིས་པ། གསུམ་པ། བཅུ་གསུམ། བཅུ་བཞི་བཅས་སུ་མུ་མཐུད་འཚམས་གཟིགས་གནང་ཡོད་པ་རེད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྷོ་ལ་ཐ་ལ་གཞི་རིམ་འོག་མའི་སློབ་གྲྭ་དང་། ལུགས་བསམ་གཞིས་གྲོང་ ༥ དང་ ༦ བཅས་སུ་འཚམས་གཟིགས་གནང་ཡོད།
ཕྱི་ཚེས་ ༢༣ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་རྒས་གསོ་ཁང་དང་། ཚེ་རིང་དགེ་འཕེལ་གླིང་བགྲེས་ཤག་བཅས་སུ་གཟིགས་སྐོར་དང་། ལུགས་བསམ་ཁྱབ་ཁོངས་གཞིས་གྲོང་གསུམ་པ་དང་། བཞི་པ། བདུན་པ། དང་པོ་སོ་སོར་འཚམས་གཟིགས་གནང་རྗེས། གཞིས་གྲོང་གསུམ་པ་དང་། སྤུ་ཧྲེང་གྲོང་སྡེ་སོ་སོའི་གཞུང་ལམ་གསར་པ་དབུ་འབྱེད་གནང་ཡོད་པ་བཅས། །