༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནུབ་བྷང་གྷལ་མངའ་སྡེའི་གྲོང་ཁྱེར་སི་ལི་གུ་རིར་ཕེབས་འབྱོར་གྱིས་འབྲུག་གསང་སྔགས་ཆོས་གླིང་དགོན་དང་། ས་སྐྱ་གུ་རུ་དགོན། ཕུན་ཚོགས་རྔ་ཡབ་ཆོས་གླིང་དགོན། བསམ་གྲུབ་དར་རྒྱས་ཆོས་གླིང་དགོན་བཅས་སུ་ཆོས་མཇལ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ལས་ཁུངས་ཁག་དང་། ས་གནས་འགོ་འཛོན་ལས་ཁུངས་ཀྱི་བདག་དབང་འོག་ཡོད་པའི་ས་ཆར་གཟིགས་སྐོར་གནང་རྗེས་མང་ཚོགས་ལ་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་འཚམས་གཟིགས་སྐབས་གཞིས་ཆགས་ཁག་ཏུ་གསུངས་པའི་གནད་དོན་གལ་ཆེ་ཁག་བསྐྱར་ནན་གནང་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མི་མི་རབས་རྒན་པ་ཚོས་མང་གཙོའི་ལམ་ལུགས་ཆ་ཚང་ལྡན་པའི་སྤྱི་ཚོགས་བརྟན་པོ་ཞིག་བསྐྲུན་པའི་སྐོར། བོད་མཐོ་སྒང་གི་ས་ཁམས་ཆབ་སྲིད་དང་ཐབས་བྱུས་ཀྱི་གལ་གནད། བོད་དེ་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་ལོ་རྒྱུས་ངོ་མ་ཤེས་རྟོགས་དགོས་པ། བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་དགོས་པ། བཀའ་ཤག་སྐབས་ ༡༦ པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། སྒྲིག་འཛུགས་ཁག་གི་རྒྱུན་གནས་དང་འཕེལ་རྒྱས་ཆེད་ལས་གཞི་གལ་ཆེ་སྤེལ་བ། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་འགོ་ཁྲིད་ནང་ཁུལ་གྱི་ཆབ་སྲིད་བརྟན་ལྷིང་མེད་པའི་གནས་སྟངས་དང་། དེས་འཛམ་གླིང་གི་ཞི་བདེར་འཁྲུག་རྐྱེན་བཟོ་བ། བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་སྤེལ་བ་བརྒྱུད་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་ཁ་བཟོ་བཞིན་པའི་གནས་སྟངས་བཅས་ཀྱི་སྐོར་དང་འབྲེལ་གསུང་སྐབས། ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གཞུང་གི་འགོ་ཁྲིད་ནང་ཁུལ་ཆབ་སྲིད་བརྟན་ལྷིང་མེད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད། ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ་བརྒྱུད་དབང་ཆ་གཅིག་སྡུད་བྱས་པ་དེས་འགྲན་ཟླ་དང་། དཔོན་རིགས་ཚོར་འཇིགས་སྣང་བསྐྲུན་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གསོན་གནས་ཐུབ་པར་ཞི་ཅིན་ཕིང་ལ་ཞེན་ཁོག་དགོས་རྒྱུ་ནི་ཁྱད་ཆོས་གལ་ཆེ་ཤོས་སུ་གྱུར་ཡོད་པ་དང་། ཞི་ཅིན་ཕིང་གི་ལྟ་བ་དང་དབང་ཆར་ངོ་རྒོལ་བྱས་ཚེ་བཙོན་འཇུག་གམ་མང་ཚོགས་ཀྱི་མདུན་དུ་མཐོང་ཆུང་ཁྱད་གསོད་བྱ་རྒྱུ་སོགས་ཀྱི་གནོད་འཚེ་ཚབས་ཆེན་འཕྲད་སྲིད་པ་རེད། ཅེས་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གི་རྒྱ་ནག་གཅིག་གི་སྲིད་བྱུས་དེ་རྒྱ་ནག་གི་མངའ་ཁོངས་ཡོངས་རྫོགས་ལས་བོད་ཀྱི་གནས་བབ་ལ་ཁྱབ་ཀྱི་མེད། རྒྱ་ནག་གཞུང་གི་བུ་ཕྲུག་གཅིག་གི་སྲིད་བྱུས་དེས་རྒྱ་ནག་གི་མི་འབོར་གྲུབ་སྟངས་ལ་འགྱུར་བ་ཆེན་པོ་བཏང་ཡོད་པ་དང་། དེས་སྐྱེ་འཕེལ་གྲངས་ཚད་ཉུང་དུ་ཕྱིན་པ་དང་རྒན་འཁོགས་མི་འབོར་མང་དུ་ཕྱིན་ཏེ་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་གཞོན་སྐྱེས་ཉུང་དུ་ཕྱིན་ཡོད། སྲིད་བྱུས་དེས་ཕོ་མོའི་གྲངས་འབོར་ཆ་སྙོམས་མེད་པ་བཟོས་ཏེ། མི་འབོར་ནང་སྐྱེས་པ་མང་དྲགས་པའི་གནས་སྟངས་ཤིག་བྱུང་ཞིང་། མི་འབོར་གྱི་འགྱུར་ལྡོག་འདིས་ལས་ཀ་བྱེད་མཁན་ཇེ་ཉུང་དུ་འགྲོ་བ་དང་། སྤྱི་ཚོགས་བདེ་དོན་ལམ་ལུགས་ལ་གནོན་ཤུགས་ཆེ་རུ་འགྲོ་བ་སོགས་ཀྱི་དཔལ་འབྱོར་དཀའ་ངལ་ཡུན་རིང་པོར་བསྐྲུན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གི་ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་རྗེས་ས་ལུ་སྒ་ར་ནས་ཕྱིར་ཕེབས་མ་གནང་གོང་། ས་ལུ་སྒ་རར་ཡོད་པའི་ཨེ་ཝམ་རྒྱ་གར་ནང་པའི་དགོན་པ་དང་། སྨན་རྩིས་ཁང་གི་ཡན་ལག་བཅས་སུ་གཟིགས་སྐོར་གནང་ཡོད་པ་བཅས།།