༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༦ ཉིན་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ལྕགས་མཁར་གཏོར་རྒྱག་ཆེན་མོའི་སྐབས་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་དགོང་མོ་ཕྱག་ཚོད་ ༥།༣༠ ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ལྕགས་མཁར་ཆེན་མོའི་གཏོར་རྒྱག་ཆེན་མོའི་སྐབས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་གཙོས་པའི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་དང་། དྷ་སའི་ཁུལ་གྱི་མི་མང་། གཞན་ཡང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད།
སྤྱིར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་ལོ་ལྟར་རྒྱལ་བསྟན་སྤྱི་དང་། བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་དང་། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། ལྷག་པར་བསྟན་པ་ཆོས་སྦྱིན་གྱི་མངའ་བདག་བོད་མིའི་སྒྲིག་འཛུགས་ཀྱི་བསྟན་སྲིད་སྤྱི་ལ་འཚེ་བའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་སོགས་ལས་བྱུང་བའི་བསམ་སྦྱོར་ངན་པའི་རིགས་མཐའ་དག་བཟློག་པ། དུས་ངན་ས་ཡོམ་གྱི་གོད་ཆག་དང་ནད་རིམས་མྱུར་དུ་ཞི་བ་སོགས་ཀྱི་ཆེད་དུ། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་ཞབས་རིམ་རྒྱུད་རྟོགས་བདུན་གྱི་དགོངས་དོན་བཞིན་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒོ་ནས་དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག ཅེས་གནའ་ནས་ད་བར་དུ་བོད་ཁམས་ཡོངས་ལ་གྲགས་ཆེ་བ་དང་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་ཞབས་རིམ་དེ་ཉིད་ཀྱི་སྦྱོར་དངོས་མཇུག་གསུམ་ཡོངས་རྫོགས་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན། བླ་མ་གོང་མའི་མན་ངག མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་གནང་གི་ཡོད་འདུག་པ་བཅས།། །།