༄༅། །བོད་མིའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ལྷན་ཚོགས་ཐེངས་ ༡༧ པའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་དབང་སྒྱུར་འོག་སྡུག་སྦྱོང་མནར་གཅོད་མྱངས་པའི་བརྒྱུད་རིམ་སྐོར་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༨ རེས་གཟའ་མིག་དམར་ཉིན་སུད་སིའི་གྲོང་ཁྱོར་ཇི་ནི་ཝར། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ལྷན་ཚོགས་ཐེངས་ ༡༧ པ་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་ཐོག་ཨུ་རུ་སུ་དང་། སཽ་དྷི་ཨ་རཱབ། རྒྱ་ནག བེ་ལཱ་རུས། ཧོང་ཀོང་། ཤར་ཏུར་ཀི་སི་ཐན། ཝི་ཡཏ་ནཱམ། ཨི་རཱན་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་སྐོར་གསུང་བཤད་གནང་མཁན་དྲག་འདེམས་ཞུས་པ་བཞིན། འདི་ལོའི་ལྷན་ཚོགས་ཐོག་བོད་མིའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ལྷན་ཞུགས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་དབང་སྒྱུར་འོག་ཁོང་མོར་སྡུག་སྦྱོང་མནར་གཅོད་མྱངས་པའི་བརྒྱུད་རིམ་སྐོར་གསུང་བཤད་གནང་ཡོད།
གསུང་བཤད་འགོ་འཛུགས་མ་གནང་གོང་ཚོགས་བཅར་བ་རྣམས་ལ་དེ་སྔ་རྣམ་སྐྱིད་ལགས་དང་། ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་རྣམ་གཉིས་ནས་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་བརྙན་ཐུང་གཟིགས་འབུལ་དང་བསྟུན། རྣམ་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཕྱར་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་འདུག སྐབས་དེར་རྣམ་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གི་བཙོན་ཁང་དུ་གདུང་རྡེག་མནར་གཅོད་མྱངས་པའི་སྐོར་དང་། བཙོན་ཁང་དུ་དམག་སྦྱོང་དང་། རྒྱ་ནག་གཞུང་གིས་སྲིད་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ། ངལ་རྩོལ་དུ་བཅུག་པ། བཙོན་ཁང་དུ་ཟས་བཅུད་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་སོགས་ཀྱི་དཀའ་སྡུག་མྱངས་པའི་སྐོར་གསལ་སྟོན་གནང་ཡོད། ལྷག་པར་དུ་བཙོན་གྲོལ་ཐོབ་ནའང་རྒྱ་ནག་གཞུང་གི་ལྟ་སྲུང་དོ་དམ་འོག་འགྲོ་སྡུག་སྤྱོད་གསུམ་གྱི་རང་དབང་མེད་པ་སོགས་ལ་བརྟེན་ནས་ཕྱི་ལོ་ ༢༠༢༣ ལོར་བལ་ཡུལ་སྣེ་ལེན་ཁང་བརྒྱུད་རྒྱ་གར་དུ་འབྱོར་བའི་སྐོར་འགྲེལ་བརྗོད་གནང་།རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་ལྷན་ཚོགས་ནས་ཁོང་མོའི་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་མནར་གཅོད་མྱངས་པའི་བརྒྱུད་རིམ་སྐོར་གསུང་བཤད་གནང་རྒྱུར་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འདི་ནི་ཁོང་རང་ཉིད་ཙམ་མ་ཡིན་པར། ད་ལྟའང་ཉིན་རེའི་བཞིན་རྒྱ་ནག་གཞུང་གིས་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྐོར་ཡིན་ཅེས་གསུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུའི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་སྐུལ་གནང་འདུག
ཇི་ནི་ཝའི་འགྲོ་བ་མིའི་ཐོབ་དང་མང་གཙོའི་ལྷན་ཚོགས་འདི་བཞིན་གཙོ་བོར་སྲིད་གཞུང་ཁག་གིས་དྲག་གནོན་དབང་སྒྱུར་འོག་མནར་གཅོད་མྱངས་པའི་གང་ཟག་རྣམས་ལ་ཉན་ཞིབ་གནང་རྒྱུའི་གོ་སྐབས་བསྐྲུན་པ་བརྒྱུད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཐབས་འཚོལ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་ཁག་ཐེར་འདོན་གནང་རྒྱུར་དམིགས་ཏེ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༢༥ ནས་མཉམ་འབྲེལ་ཐོག་ལོ་ལྟར་གོ་སྒྲིག་གནང་གི་ཡོད་པ་རེད། །