༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༥ ཉིན་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་། ཕྱི་དྲིལ་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། སུད་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་པ་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་ཇར་མ་ནིའི་རྒྱལ་ས་མུ་ནིག་ཏུ་ཕེབས་འབྱོར་སྐབས་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་བསྟན་འཛིན་ལགས་ནས་ཕེབས་བསུ་ཞུས་ཡོད།
དེ་ཡང་རྣམ་སྐྱིད་ལགས་ནས་རང་ཉིད་བོད་ནང་བཙོན་འཇུག་བྱས་པའི་མྱོང་ཚོར་གསུངས་ཡོད་པ་དང་། སྐབས་དེར་བྷེ་ཝེ་རི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་མར་ཀ་སི་རིན་ཌར་སི་པ་ཆར་ལགས་དང་། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝོལ་ཕི་གེང་གི་རེ་ཌར་ལགས་རྣམ་གཉིས་ཕེབས་ཡོད། དེ་བཞིན་ཚོགས་པ་དེའི་ཚོགས་མི་བསྟན་འཛིན་ལགས་དང་ཌེ་ཝི་ཌི་མི་སལ་ལགས་རྣམ་གཉིས་ཀྱང་ཕེབས་ཏེ་རྣམ་སྐྱིད་ལགས་ལ་ཆུ་ཚོད་གཅིག་ལྷག་རིང་བཅར་འདྲི་གནང་ཡོད།གོང་ཚེས་ཉིན་གྱི་ཕྱི་དྲོར་རྣམ་སྐྱིད་ལགས་ཀྱིས་མུན་ཆེན་གྲོང་ཁྱེར་གྱི་ (Arnulfstraße 197, 80634 ) ས་གནས་སུ་ཆགས་པའི་ ( Kulturzentrum GOROD ) དུ་མང་ཚོགས་ལ་གསུང་བཤད་གནང་། དེར་བོད་མི་དང་རྒྱལ་ཁབ་གཞན་གྱི་མི་རིགས་བཅས་བསྡོམས་པའི་མི་གྲངས་ ༨༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། ཁོང་རྣམས་ལ་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ཚོས་དཀའ་སྡུག་ཇི་འདྲ་མྱངས་པའི་སྐོར་ཤེས་རྟོགས་བྱུང་ཡོད། མཉམ་ཞུགས་གནང་མཁན་གྱི་ཁྲོད་དུ་ཡུ་གུར་འཛམ་གླིང་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཟུམ་རེ་ཏེ་ཨར་ཀིན་ལགས་དང་། ཡེ་ཤུའི་རྒྱ་རིགས་སྤྱི་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམ་པ་ཡང་ཕེབས་ཡོད། རྣམ་སྐྱིད་ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས་དྲི་བ་དྲི་ལན་གྱི་དུས་ཚོད་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་བགྲོ་གླེང་གནང་ཡོད།
རྣམ་སྐྱིད་ལགས་ཀྱིས་མྱོང་ཚོར་གསུང་སྐབས་ཁོང་མོས་ངས་ང་རང་གི་ཉམས་མྱོང་མང་ཚོགས་ལ་བཤད་པ་འདིས་བོད་ནང་གི་ངའི་ནང་མི་དང་གཉེན་ཉེ་ཚོར་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་ཤེས་ཀྱི་ཡོད། འོན་ཀྱང་ཉེན་ཁ་འདི་དག་ཡོད་ནའང་ངས་སྐད་ཆ་བཤད་རྒྱུའི་ཐག་གཅོད་བྱས་པ་ཡིན། གང་ཡིན་ཟེར་ན་ཁུ་སིམ་བསྡད་ན་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོའི་སྡུག་བསྔལ་མུ་མཐུད་གནས་རྒྱུ་རེད། དེ་རིང་འདིར་ངས་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཞུ་བར་ཡོང་བ་ཡིན། ཞེས་གསུངས།
ཕྱི་ཚེས་ ༡༦ ཉིན་རྣམ་སྐྱིད་ལགས་དང་ཞུ་གཏུག་ཚོགས་ཆུང་ནས་ཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་སྐུ་ཚབ་རྣམ་པ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
མཇལ་འཕྲད་འདི་དག་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་རྣམས་ལྷན་འཛོམས་བྱུང་བའི་མུ་ནིག་བདེ་འཇགས་ཚོགས་འདུ་དང་དུས་མཉམ་དུ་བྱུང་བ་ཡིན་སྟབས། བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་ཛ་དྲག་གི་གནས་སྟངས་ཐོག་གོ་རྟོགས་ཆེ་རུ་གཏོང་བར་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད། ཚོགས་འདུ་འདིས་བརྒྱུད་བོད་མི་ཚོའི་དཀའ་སྡུག་གི་གནས་སྟངས་ཤེས་རྟོགས་ཡོང་བ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱེད་པ། དེ་བཞིན་གཞི་རྩའི་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆེད་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་བྱུང་ཡོད་པ་བཅས།།